མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡི་བོད་དོན་བསྒྲགས་གཏམ་ལ་བོད་དོན་ལས་འགུལ་བའི་ཚོགས་པ་ཁག་གིས་དགའ་བསུ་ཞུས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དོན་ཐད་ལོ་རྒྱུས་རང་བཞིན་ལྡན་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་བར་བོད་དོན་ལས་འགུལ་བའི་ཚོགས་པ་ཁག་གིས་དགའ་བསུ་ཞུས་འདུག

ཨའོསི་ཊརེ་ལི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་(James Larsen)ལགས་ནས་བོད་དོན་གསུང་བཤད་སྐབས། ༢༠༢༤།༡༠།༢༢ ཉིན། Savetibet.org

དེ་ཡང་སྤྱི་ཟླ་༡༠བའི་ཚེས་༣ ནས་སྤྱི་ཟླ་༡༡ཚེས་༢༢བར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཆེན་ཐེངས་༧༩པ་འཚོགས་བཞིན་པ་ལྟར། ཕྱི་ཚེས་༢༢ཉིན་ཚོགས་ཆུང་དེས་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་འབྲེལ་བསྐྱར་ཞིབ་གནང་ཡོད་པ་དང་། སྐབས་དེར་ཨོསི་ཊརེ་ལི་ཡ་(Australia)་དང་། ཁེ་ན་ཌ། ཉི་ཧོང་། དབྱིན་ཡུལ། ཨ་རི་སོགས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༥ཡིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ཛ་དྲག་གི་སེམས་ཚབས་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཡོད་པ་དང་། དེ་ནི་སྤྱི་ལོ་༡༩༦༥ལོའི་བོད་དོན་ཐོག་གྲོས་ཆོད་བཞག་རྗེས། ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་ཐེངས་དང་པོར་ཁ་གསལ་གྱི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་བ་ཞིག་རེད་ཅེས་བོད་དོན་ལས་འགུལ་བའི་ཚོགས་པ་ཁག་གིས་དགའ་བསུ་ཞུས་འདུག
བསྒྲགས་གཏམ་དེ་ཨའོསི་ཊརེ་ལི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་(James Larsen)ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁྲོད་ཀྱི་རྒྱལ་ཁབ་༡༥་ཡི་སྐུ་ཚབ་བྱས་ཏེ་སྤེལ་སྐབས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅིང་ནང་མི་སྣ་གང་བྱུང་འཛིན་བཟུང་བཀག་ཉར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་གི་ངོ་བོར་ཡོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་དང་རྩ་འཛིན་ཁག་གཞིར་བཟུང་། བོད་དང་ཤིན་ཅིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་མཚམས་འཇོག་དགོས་སྐོར་བརྗོད་འདུག
དེའི་ཐད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་དེར་དགའ་བསུ་དང་མཉམ། རང་དབང་ཅན་གྱི་རྒྱལ་ཁབ་༡༥་བོ་དེ་དག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་ཐུགས་ཚབས་དང་བཅས་བསྒྲགས་གཏམ་སྤེལ་བ་དེ་ནི་ད་དུང་ཡང་བོད་ཀྱི་གནད་དོན་སེལ་མེད་པ་རྒྱ་ནག་གཞུང་ལའང་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད། དཀའ་ངལ་དེ་ཚོ་ཚང་མ་རྒྱ་ནག་གཞུང་གི་སྲིད་བྱུས་མ་འགྲིག་པས་བཟོ་བཞིན་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Maya Wang)་ལགས་ཀྱིས་དེའི་ཐད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བོད་མི་དང་ཤིན་ཅང་ནང་གི་ཡུ་གུར་མི་རིགས་སོགས་གང་འདོད་འཛིན་བཟུང་བྱེད་བཞིན་པའི་གནད་དོན་ཐེར་འདོན་གྱིས་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ལ་སྐྱོན་བརྗོད་ཀྱི་སྙན་ཐོ་བཏོན་མིན་ལ་མ་བལྟོས་པར། རྒྱ་ནག་གཞུང་གིས་མུ་མཐུད་དུ་རྒྱལ་སྤྱིའི་འབོད་སྐུལ་ཁག་ལ་སྣང་མེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བྱུང་།
གོང་ཞུས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས། རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་དག་སེལ་ཐབས་ཀྱི་གོ་སྐབས་མང་པོ་སྤྲད་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་འཐུས་ཤོར་བཏང་ཡོད་པ་གསུངས་འདུག་ཅིང་། འདི་ལོའི་སྤྱི་ཟླ་དང་པོའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་ལྷན་ཚོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དང་བསྟུན། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་ལ་བོད་དང་འབྲེལ་བའི་གནད་དོན་ལ་འགྱུར་བ་གཏོང་དགོས་པའི་རྒྱབ་གཉེར་ཡིག་ཆ་བརྒྱ་ཆ་༧༠ ཙམ་ཞིག་ངོས་ལེན་བྱས་མེད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་རྣམས་བོད་ནང་ཕེབས་རྒྱུའི་འབོད་སྐུལ་ཡོངས་རྫོགས་ཀྱང་ཁས་ལེན་བྱས་མེད་པ་གསལ་སྟོན་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་བོད་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་གི་ཐོག་ནན་བཤད་གནང་བ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་གང་བྱུང་འཛིན་བཟུང་བྱས་པ་དང་། འགྲོ་བསྐྱོད་རང་དབང་ལ་ཚོད་འཛིན་བྱས་པ། བཙན་དབང་གིས་ངལ་རྩོལ་བཀོལ་བ། བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་ནས་རྒྱ་ནག་གིས་བཙུགས་པའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་བཅུག་པ། དེ་བཞིན་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཤེས་ཡོན། ཆོས་དད་རང་དབང་བཅས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་ཐད་དམིགས་བསལ་སེམས་ཚབས་ཡོད་པ་གསུངས་ཏེ། རྒྱ་ནག་གཞུང་ལ་དོན་མེད་འཛིན་བཟུང་བྱས་པའི་བོད་མི་ཡོངས་རྫོགས་གློད་གྲོལ་གཏོང་དགོས་པ་དང་། གར་སོང་ཆ་མེད་དུ་གྱུར་པའི་བོད་མིའི་གནས་སྟངས་གསལ་བཤད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
གནས་ཚུལ་ཁ་སྣོན། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org