བོད་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཟེར་བའི་དེབ་ཆུང་ཞིག་ཕབ་བསྒྱུར་འགྲེམས་སྤེལ་གནང་བ།

2023.10.24
བོད་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཟེར་བའི་དེབ་ཆུང་ཞིག་ཕབ་བསྒྱུར་འགྲེམས་སྤེལ་གནང་བ། བོད་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཟེར་བའི་དེབ་ཆུང་ཞིག་ཕབ་བསྒྱུར་འགྲེམས་སྤེལ་གནང་བ།
TCHRD

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་དང་རྟོག་ཞིབ་པའི་སྡེ་ཚན་ཟུར་བཙུགས་ཀྱིས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཟེར་བ་བརྒྱུད་དེ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དམིགས་བསལ་ཅན་དང་ཡུལ་ལུང་བྱེ་བྲག་པའི་གནས་ཚུལ་སྙན་འབུལ་དང་ལམ་སྟོན་གྱི་བརྒྱུད་ལམ་ཞིག་བཟོས་ཡོད་པ་དེ། ད་ལྟའི་ཆར་རྒྱ་ནག་གཞུང་གི་སྟངས་འཛིན་དང་ཤུགས་རྐྱེན་མེད་པའི་བརྒྱུད་ལམ་ཡག་ཤོས་ཤིག་ཆགས་ཡོད་པར་བརྟེན། སྤྱི་ཟླ་༡༠ ཚེས་༢༤ སྟེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་སྲུང་བརྩིའི་ཚུལ་དུ། བཞུགས་སྒར་དུ་ཆགས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཟེར་བའི་དེབ་ཆུང་ཞིག་ཕབ་བསྒྱུར་འགྲེམས་སྤེལ་གནང་ཡོད་ཅིང་། ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ནས། བོད་མི་ཚང་མས་འགན་ཁུར་བའི་ཐོག་ནས་དམིགས་བསལ་རྒྱུད་རིམ་འདི་བེད་སྤྱོད་བཏང་ཐུབ་པ་ཡིན་ན། གྲུབ་འབྲས་ཆེན་པོ་ཞིག་འཐོན་ཐུབ་པའི་རེ་བ་དང་གོ་སྐབས་ཡོད་པས་འགྱུར་དེབ་འདི་བཏོན་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

1-post-760x1013.jpeg

ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས། ཉེ་ལམ་བོད་ནང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་གློད་གྲོལ་སྐབས་ཀྱི་གནས་སྟངས་སོགས་ཀྱིས་མཚོན། ཕྱི་རྒྱལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་འདི་བེད་སྤྱོད་བཏང་སྟེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་སྙན་སེང་ཡིག་འབྲེལ་གནང་ཐུབ་པ་དེས། རྒྱ་ནག་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནོན་ཤུགས་ཆེན་པོ་ཞིག་ཡོང་བསྡད་པར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་མང་པོའི་ཐོག་རྒྱ་ནག་གཞུང་ལ་དབང་ཤུགས་ཆེ་དྲགས་པ་དང་། རྒྱ་ནག་ལ་སྐྱོན་བརྗོད་བྱས་མ་ཐག་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་བཞིན་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ། རྒྱ་ནག་གི་སྤྱོད་ངན་ཐེར་འདོན་བྱེད་ཁག་པོ་ཆགས་ཡོད་ནའང་། དམིགས་བསལ་བརྒྱུད་རིམ་གྱི་སྙན་ཐོ་ལ་རྒྱ་ནག་གིས་ལན་འདེབས་ཚད་ལྡན་བྱེད་མི་ཐུབ་པ་མ་ཟད། རྒྱ་ནག་གི་སྐྱོན་མཚང་མང་པོ་བསྔོག་ཐུབ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ་ད་ཆ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མ་ཚུད་པ་དེ་དམིགས་བསལ་བརྒྱུད་རིམ་འདི་རེད་ཅེས། ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ནས་འགྲེལ་བརྗོད་གནང་གི་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་བརྒྱུད་རིམ་ནང་། མི་སེར་དང་རིག་གཞུང་། དཔལ་འབྱོར། སྤྱི་ཚོགས་དང་སྲིད་དོན་སོགས་ཕྱོགས་ཚང་མའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཚུད་ཡོད་ཅིང་། བརྒྱུད་རིམ་དེར་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་དམིགས་འཛུགས་ཀྱི་སྙན་ཐོ་འབུལ་མི་རྣམས་ནི། མི་སྒེར་དང་རང་དབང་ལྡན་པའི་ཆེད་མཁས་པ།ལས་དོན་ཚོགས་ཆུང་སོགས་སྣ་ཚོགས་ཤིག་འདུས་ཡོད་ནའང་། ཁོ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པར་ངོས་འཛིན་དང་གླ་ཆ་ཕུལ་སྲོལ་སོགས་མེད་པར་བརྟེན། གནོན་ཤུགས་མེད་པར་རང་དབང་ལྡན་པའི་སྒོ་ནས་སྙན་ཐོ་ཕུལ་ཐུབ་ཀྱི་ཡོད་ཁར། ཁོ་ཚོའི་སྙན་ཐོ་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཆ་འཇོག་རྟོག་ཞིབ་ཟབ་མོ་བྱ་རྒྱུའི་ལམ་སྲོལ་ཀྱང་བཟོས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎