རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་མཆོག་དང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྣམ་གཉིས་མཇལ་འཕྲད་ཞུ་རུ་འཇུག་དགོས་པའི་སྐོར་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་མཆོག་གིས་སྐུལ་མ་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༦་པའི་ནང་ཁེ་ན་ཊའི་གྲོས་ཚོགས་ནང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་(Randall Garrison)་མཆོག་གིས། ཁེ་ན་ཊའི་སྲིད་གཞུང་ལ་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། ཁོང་གི་གནས་སྟངས་རྒྱུས་ལོན་ཆེད་གཞུང་གིས་སྐུ་ཚབ་རྟོག་ཞིབ་ཚོགས་པ་མངགས་གཏོང་དང་འབྲེལ་བའི་དྲི་བ་ཕུལ་ཡོད་འདུག འདི་ཚེས་༡༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་པར་ལྟར་ན། ཁེ་ན་ཊའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་མཆོག་གིས། པཎ་ཆེན་རིན་པོ་མཆོག་གི་གནས་སྟངས་སྐོར་གྱི་དྲི་བའི་ལན་འདེབས་སུ། ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ (Chrystia Freeland)་མཆོག་གིས་བསྒྲགས་གཏམ་ཞིག་སྩལ་འདུག་ལ་དེའི་ནང་། རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་དང་སྦྲགས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་བཅས་ཀྱི་གནས་སྟངས་ཇི་ཡིན་གསལ་བཤད་དགོས་པ་འཁོད་ཡོད་འདུག
ད་དུང་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་དང་། རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེད་ལས་མི་སྣས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་རྟོག་ཞིབ་སླད་མཇལ་འཕྲད་ཞུ་རྒྱུའི་ཆོག་མཆན་ཕུལ་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ་ལོར་དགུང་གྲངས་ ༦ ་ལས་སོན་མེད་ཀྱང་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་འཁོད་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་དང་ཁོང་དང་ཁོང་གི་ནང་མའི་གནས་སྟངས་ཇི་ཡིན། དེ་བཞིན་ཆུང་སྲིད་རིན་པོ་ཆེ་མཆོག་གི་ཤེས་ཡོན་གནས་སྟངས་ཇི་འདྲ་ཡིན་པ། ནང་མི་སྐུ་འཁོར་བཅས་བ་ནམ་ཞིག་གློད་གྲོལ་བྱ་མིན་ཐོག་གསལ་བཤད་དགོས་སྐོར་གསུངས་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་མཇལ་འཕྲད་ཞུ་རུ་འཇུག་དགོས།
