རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོས་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་ཁྲིམས་ཀྱི་བརྒྱུད་རིམ་མེད་པའི་སྒོ་ནས་གང་བྱུང་འཛིན་བཟུང་བྱས་ཡོད་པ་ཐེར་འདོན་བྱས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ལྕམ་Nazila Ghaneaལགས་དང་། སྐུ་ཞབས་Mathew Gillettལགས། ལྕམ་Alexandra Xanthakiལགས། ལྕམ་Aua Baldeལགས། ལྕམ་Irene Khanལགས། དེ་བཞིན་ལྕམ་Fionnuala Ni Aolainལགས་བཅས་ཐུན་མོང་གིས། རྒྱ་ནག་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་སྟེ། བཙན་དབང་འོག་གར་སོང་ཆར་མེད་དུ་གྱུར་བ་དང་། གང་བྱུང་འཛིན་བཟུང་བྱས་པའི་བོད་མི་དྲུག་གི་ལོ་རྒྱུས་སྙིང་བསྡུས་ཚུད་པའི་ཤོག་གྲངས་༡༡ཅན་གྱི་ཡི་གེ་ཞིག་ཁ་སྔོན་སྤྱི་ཟླ་༦ པའི་ཚེས་༢༦ཉིན་རྒྱ་ནག་གཞུང་ལ་བཏང་སྟེ། ཉིན་གྲངས་༦༠འགྱངས་མེད་ཡིག་ལན་མ་འབྱོར་བ་ཡིན་ན། དེའི་རྗེས་ཀྱི་གནས་ཚུལ་ཆ་ཚང་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུ་ཡིན་པ་ཆ་རྐྱེན་བཏོན་པ་བཞིན། རྒྱ་ནག་གཞུང་གིས་ཡ་ལན་མ་བྱས་པར་བརྟེན། སྤྱི་ཟླ་༨ པའི་ཚེས་༢༥ཉིན་བོད་མིའི་ཆབ་སྲིད་བཙོན་པ་དེ་དག་གི་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད།
གོང་ཞུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོས་རྒྱ་ནག་གཞུང་ལ་བཏང་བའི་ཡི་གེའི་ནང་། ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པའི་སྒོ་ནས་འཛིན་བཟུང་བྱས་པའི་བོད་མིའི་དྲུག་གི་ལོ་རྒྱུས་སྙིང་བསྡུས་བཏོན་པའི་ཁྲོད། རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པའི་ཚེ་རིང་ཚང་གི་བུ་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་སྐོར་འཁོད་འདུག ཁོང་ནི་སྤྱི་ལོ་༢༠༢༡ལོའི་ཕྱི་ཟླ་༤ཚེས་༣ཉིན་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་༸གོང་ས་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་ལ་སྐྱབས་བསྔོ་ཞུ་བརྟེན་གྱི་དངུལ་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་གིས། ལོ་གཉིས་ཀྱི་བཙོན་འཇུག་ཁྲིམ་ཐག་བཅད་ཡོད་ཅིང་། སྤྱི་ལོ་༢༠༢༡ ལོའི་སྤྱི་ཟླ་༥ཚེས་༢༣ཉིན་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟའི་ཆར་མུ་མཐུད་སྐུ་གཟུགས་ཀྱི་གནས་སྟངས་ཞན་པོ་ཡོད་པ་བཙན་བྱོལ་ནང་གི་བོད་མི་ཞིག་གིས་འདི་ཚེས་༢༥ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་རྒྱ་ནག་གཞུང་གིས། རྔ་བ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་འཛིན་བཟུང་བྱས་པའི་རྭ་ཆུང་དགེ་འདུན་ལགས་ནི་སྤྱི་ལོ་༢༠༢༡ཟླ་༤ཚེས་༡ཉིན་གྱི་མཚན་མོར་འཛིན་བཟུང་བྱས་ཏེ། ཟླ་བ་གསུམ་ལྷག་རིང་ནང་མི་ཚོས་ཁོང་གང་དུ་ཁྲིད་ཡོད་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་ཀྱང་། སྤྱི་ལོ་ ༢༠༢༢ ཟླ་བ་ ༧ པའི་ནང་ཁོང་ལ་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ཤེས་རྟོགས་བྱུང་ཡོད་པ་བཙན་བྱོལ་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

ཡང་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པའི་བུ་མོ་གཡུ་སྒྲོན་ལགས་ཀྱིས་༸གོང་ས་མཆོག་གི་༸སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག སྤྱི་ལོ་ ༢༠༢༢ ཟླ་བ་ ༧ ཚེས ༡༡ ཉིན་རྒྱ་ནག་གཞུང་གིས་ཉེན་རྟོགས་པས་ཁོང་མོ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟའི་ཆར་ཁོ་མོ་ལྷ་སར་བཀག་ཉར་བྱས་ཡོད་པ་ཚོད་དཔག་ཙམ་ལས། ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད།

ཡང་གནད་དོན་དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། རྒྱ་ནག་གཞུང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་མཚན་རྟགས་བཀོད་ཡོད་པ་དེ་ཚུལ་བཞིན་སྒྲུབ་གྱི་མེད་པ་ད་རེས་གང་བྱུང་འཛིན་བྱས་པའི་བོད་མི་དེ་དག་གི་གནས་སྟངས་ལས་གསལ་པོ་རྟོགས་ཐུབ་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ནག་ཆུ་ས་ཁུལ་ཨ་མདོ་རྫོང་ནས་ཡིན་པའི་འཛུམ་དཀར་ནི། བུ་མོ་གཡུ་སྒྲོན་ཀྱི་གཅུང་མོ་ཡིན་པ་དང་། ཁོང་མོ་ལ་ཡང་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་གྱི་ཉེས་མིང་བརྟག་སྟེ། གཡུ་སྒྲོན་འཛིན་བཟུང་མ་བྱས་གོང་སྟེ། ༢༠༢༢ ལོའི་སྤྱི་ཟླ་༦ པའི་ཚེས་༢༣ ཉིན་ཁོང་མོ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་མོའི་གནས་སྟངས་ཁ་གསལ་མེད་པ་གྱུར་ཡོད་འདུག

ཡང་སྤྱི་ལོ་ ༢༠༢༢ ཟླ་བ་ ༨ ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས། ཉིན་བརྒྱའི་རྡུང་རྡེག་ལས་འགུལ་ཟེར་བ་སྤེལ་བཞིན་པའི་སྐབས། ཕ་ཡུལ་ནག་ཆུ་རྫོང་གསེར་རྙེད་ཡུལ་ཚོ་ནས་ཡིན་པའི་བོད་མི་ཀརྨ་བསམ་གྲུབ་ལགས་ཀྱིས༸གོང་ས་མཆོག་གི་སྐུ་པར་བདག་ཉར་བྱེད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།

ཡང་དགུ་ལོ་༥༧ ཡིན་པའི་བློ་ཚེ་ལགས་ནི། རྒྱ་ནག་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ནས་ཡིན་ཞིང་། ཁོང་གིས། བོད་མི་བླ་ཆེན་ཁག་གི་༸སྐུའི་འཁྲུངས་སྐར་སྲུང་རྩིས་ཞུས་སླད་སྐད་འཕྲིན་ཚོགས་པ་བཙུགས་པའི་ཉེས་མིང་འོག ༢༠༢༢ ལོའི་སྤྱི་ཟླ་༧ པའི་ནང་འཛིན་བཟུང་བྱས་ཡོད་འདུག
གཞན་ཡང་གོང་ཞུས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་རྣམ་པས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་རྒྱལ་སྤྱིའི་ཁྲིམས་ལུག་ཁག་ལུང་འདྲེན་གྱིས། རྒྱ་ནག་གཞུང་གིས། གོང་ཞུས་འཛིན་བཟུང་བྱས་པའི་བོད་མི་དེ་དག་འཇུག་བཟུང་བྱས་དགོས་པའི་རྒྱུ་མཚན་དང་། ད་ལྟའི་གནས་སྟངས་སྐོར་ཁ་གསལ་འགྲེལ་བརྗོད་དགོས་པ་སོགས་རྒྱ་ནག་གཞུང་ལ་དོན་ཚན་༡༡ ཅན་གྱི་ཞུ་སྐུལ་ཞིག་ཀྱང་མཉམ་སྦྱར་བྱས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།