རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་མང་པོས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པའི་དགོས་འདུན་བཏོན་འདུག
- 2021-09-28
-
-
-
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༨་པའི་ཐོག་ཌན་མག་དང་། ཇར་མན། ཧོ་ལེན་ཌི། སུ་ཝི་ཌན། སུད་སི། ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་༢༦་ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་ཡུལ་གྲུའི་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་པས། རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅིང་། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སེམས་ཚབས་ཆེན་པོ་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་གནང་ཡོད་པ། སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ལས་དོན་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་ངོ་སྤྲོད་གནང་བྱུང་།
ཁོང་མོས་མུ་མཐུད་དུ་གསུངས་ན། སྤྱིར་ཚོགས་འདུའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་གཏམ་བཤད་གནང་རྒྱུའི་གོ་སྐབས་ཡོད་པ་ལྟར། བརྗོད་གཞི་ཁ་ཤས་ནང་རྒྱལ་ཚོགས་ནས་ངོས་ལེན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གཏམ་བཤད་གནང་རྒྱུའི་གོ་སྐབས་ཡོད་པ་བཞིན། བོད་ཀྱི་གནད་དོན་སྐོར་སུད་སི་སྐུ་ཚབ་དོན་དོན་གཅོད་ཁང་གི་ངོས་ནས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འོག་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་བ་རྩ་མེད་འགྲོ་ཉེན་ཡོད་པ་སྙན་སེང་ཞུས་ཐོག་རྒྱལ་ཚོགས་ཀྱི་ངོས་ནས་ཐུགས་སྣང་དགོས་བའི་འབོད་སྐུལ་གནང་ཡོད་པ་ངོ་སྤྲོད་གནང་བྱུང་།
དེ་བཞིན་གནས་ཚུལ་ལྟར་ན། ལྷན་ཚོགས་ཐོག་ཨ་རིའི་སྐུ་ཚབ་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཐོག་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་མེད་དང་མི་རིགས་འཐེན་འཁྱེར། དཔལ་འབྱོར་གྱི་མགོ་སྐོར་བསླུ་བྲིད་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ལྷག་པར་དུ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་སེམས་ཚབས་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་འདུག
དེ་དང་འབྲེལ་ཧྥ་རན་སིའི་སྐུ་ཚབ་ཀྱིས་ཡོ་རོབ་རྒྱལ་ཁབ་༢༦་ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚབ་ཞུས་ནས་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་ཡོད་པའི་ནང་། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ནང་གི་ཁྲིམས་གཞིར་བཟུང་། བོད་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཤིན་ཅང་དང་། ནང་སོག་བཅས་ནང་གི་མི་རིགས་ཚོའི་རང་དབང་ལ་བརྩི་བཀུར་དགོས་པའི་སྐོར་ནན་བརྗོད་གནང་ཡོད་འདུག
དེ་མིན་ཁེ་ཎ་ཌ་དང་། ཇར་མན། སུད་སི། དབྱིན་ཡུལ། ཧྥེན་ལེན་ཌི། ནོར་ཝེ་སོགས་ཀྱི་སྐུ་ཚབ་རྣམ་པས་ཀྱང་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་གཞན་ཁག་ལ་འཆར་གཞི་དང་གོ་རིམ་ལྡན་པའི་ངང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བློ་ཚབས་ཆེན་པོ་ཡོད་པའི་རྣམ་འགྱུར་གཅིག་མཚུངས་བསྟན་གནང་ཡོད་པ་རེད།
གནས་ཚུལ་དེའི་ཐད་ཁེ་ཎ་ཌའི་རྒྱལ་སྤྱིའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་(Christelle Chartrand)་ཡིས་འདི་ག་རླུང་འཕྲིན་ཁང་དུ་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཁེ་ཎ་ཌ་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་བརྗོད་པའི་སྐབས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས། ང་ཚོས་ག་དུས་ཡིན་ཡང་མང་གཙོ་ལམ་ལུགས་ལྡན་པའི་ཡུལ་གྲུ་ཚོ་དང་མཉམ་རུབ་ཀྱི་ཐོག་ནས་མང་གཙོ་དང་འགྲོ་བ་མིའི་རིན་ཐང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་གལ་འགངས་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་མུ་མཐུད་དུ་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བའི་ནང་མི་སེར་གང་བྱུང་བཀག་ཉར་བྱེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པས། ཁེ་ཎ་ཌ་གཞུང་གིས་མུ་མཐུད་དུ་རང་གི་ཡུལ་གྲུའི་འདུ་ཤེས་འཛིན་སྟངས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཀོད་འདུག
དེ་དང་འབྲེལ་ཨ་མི་རི་ཀ་གཞུང་གི་ངོས་ནས་ཀྱང་མུ་མཐུད་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་དོན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དཔོན་རིགས་བར་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་གནང་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།