རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ནས། རྒྱ་ནག་གིས་བོད་དང་ཤིན་ཇང་གི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་འདུག་ཅེས་གསལ་སྟོན་གནང་བ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་Volker Turkལགས་ནས། ཡོ་རོབ་སིད་སི་རྒྱལ་ཁབ་ཀྱི་ལྗི་ནི་ཝ་གྲོང་ཁྱེར་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྤྱི་ཟླ་ ༣ པའི་ཚེས་ ༤ ཉིན། འགྲོ་བ་མིའི་ཐོབ་ཐང་གནས་བབས་དང་འབྲེལ་བའི་གཏམ་བཤད་ཀྱི་ནང་། རྒྱ་ནག་གཞུང་གིས་བོད་དང་ཤིན་ཇང་ཚུད་པའི་ས་ཁུལ་ཁག་གི་ནང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བའི་ཁྲིམས་སྒྲིག་ཁག་ལ་འགྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གཞན་ཁག་བཅས་ནས། རྒྱ་ནག་གི་ཁྲིམས་སྒྲིག་དང་སྲིད་ཇུས་ལག་བསྟར་ཁག་ཅིག་གིས་བོད་དང་ཤིན་ཇང་ཚུད་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བསམ་འཆར་བཏོན་པར། རྒྱ་ནག་གཞུང་གིས་ཉན་འཇོག་དང་འགྱང་མེད་ལག་བསྟར་བྱེད་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་ཤུགས་ཆེ་གནང་ཡོད་པ་རེད།
ངོས་ཀྱི་ལས་ཁུངས་དང་རྒྱ་ནག་གཞུང་གི་དབར་འཇིགས་སྐུལ་དྲག་སྤྱོད་པ་ལ་གདོང་ལེན་བྱེད་ཐབས་ཀྱི་སྲིད་ཇུས་དང་ཕོ་མོ་འདྲ་མཉམ། གྲངས་ཉུང་མི་རིགས་སྲུང་སྐྱོབ་ཀྱིས་མཚོན་མི་སེར་དཀྱུས་མ་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་གི་ཐོབ་ཐང་གི་སྲུང་སྐྱོབ་བཅས་ཀྱི་ཐོག་གྲོས་བསྡུར་མི་མཐུད་འགྲོ་བཞིན་པ་དང་། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དུས་བཀག་བསྐྱར་ཞིབ་སྐབས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱ་ནག་གིས་ཉེས་ཁྲིམས་དང་ནག་ཉེས་ཡོད་མེད་ཁྲིམས་བཤེར་གྱི་བརྒྱུད་རིམ་ཚུད་པའི་ཁྲིམས་སྒྲིག་གི་ཚད་རིམ་མི་འདྲ་བ་གསར་པ་ ༡༣ ལག་བསྟར་གྱི་འཆར་གཞི་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པས། གནད་དོན་འདི་རིགས་ཀྱི་ཐོག་ངའི་ལས་ཁུངས་དང་རྒྱ་ནག་འབྲེལ་བ་བྱས་ཏེ། དམིགས་བསལ་ཉེས་ཁྲིམས་དོན་ཚན་ ༢༩༣ བཅས་ཀྱིས་རྙོག་དྲ་དང་སུན་གཙེར་མང་དུ་བཟོ་བཞིན་པར་བསྐྱར་བཅོས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ཁྲིམས་རྩོད་པ་སོགས་ཁྲིམས་སྒྲིག་དེ་གྲས་ཀྱི་འོག་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
ཉེ་ལམ་ལོ་ལྔ་རེའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་གནང་སྐབས།འཛམ་གླིང་རྒྱལ་ཁབ་ ༡༤༡ ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བསམ་འཆར་ ༤༢༨ བཏོན་ཡོད་པ་དེར། ཟླ་བ་རྗེས་མའི་ནང་རྒྱ་ནག་གིས་བསམ་འཆར་དེ་ཚོ་རེ་རེ་ལ་ལན་འདེབས་བྱ་འཆར་ཡོད་པ་རེད།

ཨ་མི་རི་ཀའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་Elaine Pearsonལགས་ནས་ཀྱང་། བོད་དང་ཤིན་ཇང་གི་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བ་བཞིན་པ་དེར། འབྲེལ་ཡོད་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་འགན་ཁུར་ཏེ་རྒྱ་ནག་ལ་གནོན་ཤུགས་མ་སྤྲད་ན། རྒྱ་ནག་གི་བཙན་གནོན་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བཏོན་པའི་བསམ་འཆར་ཁག་མུ་མཐུད་རྒྱ་ནག་གཞུང་གིས་སྣང་མེད་དུ་བཏང་ན། མཇུག་འབྲས་ག་རེ་འབྱུང་མིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གྱིས་གང་ཡང་གསུང་ཐུབ་མེད་པའི་ཁར། ང་ཚོས་ཤེས་གསལ་ལ་སྤྱི་ལོ་ ༢༠༢༢ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་འགྲོ་བཞིན་པའི་སྙན་ཐོ་ཧ་ཅང་གནད་ལ་ཁེལ་བ་ཞིག་བཏོན་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལ་མཇུག་སྐྱོང་ཀླད་གོར་ཡིན་པའི་མཚོན། རྒྱ་ནག་ལ་གནོན་ཤུགས་རྒྱུན་མཐུད་དུ་སྤྲད་དགོས་པ་མ་གཏོགས། རྒྱ་ནག་གི་བཙན་གནོན་ཇེ་ཆེར་འགྲོ་རྒྱུ་ཡིན་པ་གསལ་བོ་རེད་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྤྱི་ཟླ་ ༢ པའི་ཚེས་ ༢༩ ཉིན་ཨ་མི་རི་ཀའི་རང་དབང་ཁང་པས་ ༢༠༢༣ གྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ཡུལ་ལུང་ ༢༡༠ ནང་ནས་བོད་ནི་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་སྡུག་ཤོས་ཡིན་པ་གསལ་སྟོན་གནང་ཡོད་པ་དང་། དེ་ནི་རྒྱ་ནག་གིས་མི་ལོ་ ༦༥ རིང་བོད་བཙན་བཟུང་གིས་ད་ཆ་བོད་ནང་གི་སྤྱི་ཡོངས་རང་དབང་གི་གནས་སྟངས་དེ། ཚད་གཞི་བརྒྱ་ཐམ་པ་ནས་ཀླད་ཀོར་དུ་ལྷུང་བ་ཐོག་མ་དེ་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།