ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལ་སྐྱོན་བརྗོད་གནང་ཡོད་པ།

2022.05.21
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལ་སྐྱོན་བརྗོད་གནང་ཡོད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་རྒྱ་ནག་ཏུ་མ་ཕེབས་གོང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་གནང་མེད་པར་བརྟེན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་གནང་ཡོད་པ།
ཨེ་ཨེཕ་པི།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་ Michelle Bachelet མཆོག་གིས་ཡུན་རིང་ནས་ངང་སྒུག་བྱེད་བཞིན་པའི་རྒྱ་ནག་ནང་གི་འཚམས་གཟིགས་འདི་རེས་གཟའ་ཟླ་བ་ཕྱི་ཚེས་༢༣ཉིན་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། དེ་ཡང་རྒྱ་ནག་གི་ལྷོ་ཕྱོགས་གྷུའང་ཏོང་ཞིང་ཆེན་དང་རྒྱ་ནག་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བའི་ཀཤ་སྒར་དང་རྒྱལ་ས་ཨུ་རུན་ཅི་བཅས་སུ་གཟིགས་བསྐོར་གནང་རྒྱུ་ཡིན་འདུག འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་པ་བོད་དུ་ཕེབས་མིན་ལ་སོགས་པ་དྲི་བ་ཁག་ཅིག་ཞུས་པར། ཕྱི་ཟླ་ ༥ ཚེས་ ༡༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གློག་འཕྲིན་བརྒྱུད་ལན་ཞིག་བྱུང་བ་དེའི་ནང་། ད་རེས་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་གྱི་རྐྱེན་པས་རྒྱ་ནག་གི་ས་ཁུལ་གྷོའང་ཏུང་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་མ་གཏོགས་ཕེབས་རྒྱུ་མིན་པ་བརྗོད་འདུག
ལྕམ་མི་ཤེལ་སྦེ་ཆེ་ལེཊ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུའི་དུས་སྐབས་འདིར། གཙོ་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་དོན་ལྟར་ན། རྒྱ་ནག་གཞུང་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་ཅིག་དང་། རྒྱ་ནག་གི་ས་ཁུལ་གི་འགྲོ་བ་མིའི་ཐོབ་ཐང་དང་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་གླེང་སློང་གྲོས་བསྡུར་གནང་པའི་རེ་བ་ཡོད་ཅེས་གསུངས་འདུག
ལྕམ་སྐུ་མཆོག་གི་རྒྱ་ནག་ཏུ་འཚམས་གཟིགས་འདིའི་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཤེས་རྟོག་ཡོང་རྒྱུར་བོད་ནང་ངེས་པར་དུ་ཕེབས་དགོས་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་སོ་ཕི་རི་ཆར་ཌི་སན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ལྕམ་མི་ཤེལ་སྦེ་ཆེ་ལེཊ་མཆོག་གི་ད་རེས་རྒྱ་ནག་ཏུ་འཚམས་གཟིགས་འདི་ནི། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་ ༢༠༠༥ རྗེས་སུ་རྒྱ་ནག་ཏུ་ཕེབས་པ་ཐོག་མར་འདི་ཆགས་ཀྱི་ཡོད་པ་རེད།།
ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Ned Price ཡིས་གཟའ་པ་སངས་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་མཆོག་རྒྱ་ནག་ནང་མ་ཕེབས་གོང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བརྩི་མེད་རྡོག་རོལ་ཚོད་མེད་གཏོང་བཞིན་པར་སྐྱོན་བརྗོད་མ་གནང་བ་མ་ཟད། འགྲོ་བ་མིའི་ཐཽབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་རྒྱུ་ཡང་དུས་འགྱངས་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྩམ་ Michelle Bachelet ཡིས་རྒྱ་ནག་ནང་མ་ཕེབས་གོང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་དགོས་པའི་འབོད་སྐུལ་ཡང་གནང་པ་དང་།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་སོགས་རྒྱ་ནག་ནང་གི་མི་རིགས་ཁག་གི་མི་དམངས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡུང་རྡེག་གཏོང་བཞིན་པར་སྐད་སྒྲ་སྒྲོག་རྒྱུ་དེ་ནི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་འགན་ཡིན་པ་དང་། དེ་ལྟར་ཁུ་སིམ་པོར་བསྡོད་པ་དེར་ང་ཚོར་བློ་འཚབ་ཆེན་པོ་འདུག་ཅེས་གསུངས་འདུག
ད་ལེན་གཟིགས་སྐོར་འདིའི་སྐབས་སུ་རྒྱ་ཚོགས་ཀྱི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་གིས། རྒྱ་ནག་གི་རྒྱལ་ཁབ་རིམ་པའི་དཔོན་རིགས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ཚོང་ལས་སྡེ་ཁག་གི་སྐུ་ཚབ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་དང་མཇལ་འཕྲད་མཛད་ནས་ཀོང་ཀྲུང་གཙུག་སློབ་ཆེན་གྱི་སློབ་མ་ཚོར་གཏམ་བཤད་ཀྱང་གནང་རྒྱུའི་མཛད་རིམ་ཁག་ཡོད་པ་རེད།
རྒྱ་ཚོགས་ཀྱི་འགྲོ་བ་མའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཁོང་མོའི་གཟིགས་སྐོར་གྲ་སྒྲིག་ཆེད་ཚོགས་ཆུང་ཚོགས་མི་ལྔ་ལས་གྲུབ་པ་ཞིག་སྔར་ས་ནས་སྤྱི་ཟླ་༤པའི་ཚེས་༢༥ཉིན་ནས་རྒྱ་ནག་ཏུ་འབྱོར་ཡོད་འདུག
ལྕམ་མེ་ཅི་བྷ་ཅི་ལེ་ཡིས་ཉིན་དྲུག་གི་གཟིགས་སྐོར་གྲུབ་རྗེས་སྤྱི་ཟླ་༥པའི་ཚེས་༢༨ཉིན་གསར་འགོད་སྒྲགས་གཏམ་ཤིག་སྤེལ་རྒྱུ་ཡིན་པ་རེད་འདུག
ལྕམ་མི་ཤེལ་སྦེ་ཆེ་ལེཊ་ལགས་2018ཉིན་འགན་འཛིན་གྱི་མཛད་འགན་བཞེས་པའི་རྗེས་སུ་བོད་ཐད་པའི་རྒྱ་ནག་གི་ས་ཁུལ་ཁག་ཏུ་འགྲོ་བཅུག་དགོས་པའི་དགོས་འདུན་བསྟན་ཡོད་ཀྱང་། ད་ལེན་གྱི་གཟིགས་སྐོར་དེའི་སྐབས་བོད་ཀྱི་ས་ཁུལ་དུ་ཕེབས་རྒྱུའི་གནས་ཚུལ་མེད་པ་རེད། ཕྱི་རྒྱལ་གྱི་ཐོབ་ཐང་ཚོགས་པ་ཁག་གིས་ད་ཐེངས་གཟིགས་སྐོར་དེ་རྒྱ་ནག་གི་འཆར་གཞི་ལྟར་རྒྱ་ནག་རང་གི་བཀོད་ཇུས་འོག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སྐྱོན་བརྗོད་བྱེད་འདུག དེ་ཡང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལྕམ་སོ་ཕི་རི་ཆར་ཌི་སན་ལགས་ཀྱིས། ད་ལེན་གྱི་གཟིགས་སྐོར་དེ་རྒྱ་ནག་གི་སྟངས་འཛིན་བྱས་ནས་རྒྱ་ནག་གི་གང་འདོད་ལས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁོང་ཚོའི་ནང་མིས་ཁོང་མོ་ལ་དངངས་སྐྲག་མེད་པའི་ཐོག་ནས་བཀའ་མོལ་ཞུ་རྒྱུའི་གོ་སྐབས་རག་ཁག་པོ་རེད་ཅེས་བརྗོད་འདུག
གསར་འགོད་པ། འཆི་མེད། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎