རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཡུཀ་རེན་དང་རྒྱ་ནག་གླེང་གཞི་གཙོ་བོར་ཆགས་འདུག
དེ་ཡང་རོ་ཡེ་ཊར་གསར་ལས་ཁང་གིས་སུད་སི་ཇི་ནི་ཝ་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་བློན་ཆེན་༡༠༠ལྷག་ཞུགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་དེ། འདི་ཚེས་༢༧རེས་གཟའ་ཟླ་བའི་ཉིན་ཇི་ནི་ཝར་འགོ་ཚུགས་ཡོད་པ་དང་། ར་ཤེ་ཡས་ཡུཀ་རེན་ལ་དྲག་པོའི་བཙན་འཛུལ་བྱས་པའི་དམག་འཁྲུག་གི་ཉེས་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུརྐི་སི་ཐན་སོགས་གྲངས་ཉུང་མི་རིགས་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་སོགས་སེལ་ཐབས་སུ་གྲོས་མོལ་གནང་རྒྱུ་ཡིན་པ་རེད།
ལྷན་ཚོགས་དེ་ཟླ་༢པའི་ཚེས་༢༧ནས་ཟླ་༤པའི་ཚེས་༤བར་འཚོགས་རྒྱུ་ཡིན་ཞིང་། རྒྱལ་ཁབ་མང་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་བཤེར་ཚན་པའི་དུས་ཡུན་ཇེ་རིང་ལ་གཏོང་འཆར་ཡོད་པ་དང་། ཞིབ་བཤེར་ཚན་པ་དེས་ཡུཀ་རེན་སྤེལ་བའི་དྲག་པོའི་བྱ་སྤྱོད་རིགས་ལ་ཞིབ་བཤེར་བྱེད་བཞིན་པ་རེད།
ར་ཤེ་ཡའི་ཕྱི་འབྲེལ་བློན་ཆེན་གཞོན་པ་(Sergei Ryabkov)་ཡིས་རེས་གཟའ་ཕུར་བུའི་ཉིན་ལྷན་ཚོགས་སུ་གཏམ་བཤད་བྱེད་འཆར་ལ་ཡོད་པར་ཡུཀ་རེན་དང་དེ་ཡི་མནའ་འབྲེལ་རྒྱལ་ཁབ་ཚོས་ངོ་རྒོལ་བྱས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་སྙན་ཐོ་ཞིག་ཏུ། རྒྱ་ནག་གཞུང་གི་ཤར་ཏུརྐི་སི་ཐན་དུ་ཡུ་གུར་ཁ་ཆེ་བ་ས་ཡ་བརྒལ་བ་གཅིག་སྡུད་ར་བར་བཅུགས་ནས་མནར་གཅོད་བཏང་བར་འགྲོ་བ་མིར་གནོད་འཚེ་བཏང་བའི་ཉེས་པ་བསགས་ཚུལ་སྐྱོན་འཛུགས་བྱས་ཡོད་མོད། པེ་ཅིང་གཞུང་གིས་ཁས་ལེན་བྱས་མེད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་(Michele Taylor)་ལགས་ཀྱིས་ཨ་རིའི་ཕྱོགས་ནས་མུ་མཐུད་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོ་སྣང་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག
སུད་སི་ཇི་ནི་ཝ་ན་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི། གོ་ལ་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་སྒྲིག་འཛུགས་ཁོ་ན་དེ་ཡིན། ལྷན་ཁང་དེར་ཁྲིམས་ཀྱི་ནུས་པ་མེད་ན་ཡང་། ལྷན་ཚོགས་དེས་གནད་དོན་རིགས་ལ་ནན་ཏན་གྱིས་ཞིབ་བཤེར་བྱེད་རྒྱུར་སྐུལ་འདེད་བྱེད་ཐུབ་ལ། དེ་མིན་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྲིམས་ཁང་ལ་བདེན་དབང་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།