རྒྱལ་ཚོགས་ནང་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་དེ་སྔ་ལས་ལྷག་པའི་སྐྱོན་བརྗོད་བྱས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ལྷན་ཚོགས་ཐོག ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དེ་སྔ་ལས་ལྷག་པའི་སྐྱོན་བརྗོད་བྱས་བར་རྒྱ་ནག་གིས་སྐྱོན་བརྗོད་དེ་ཚོ་ཁས་ལེན་མ་བྱས་པར་གཡོལ་ཐབས་བྱས་འདུག
དེའང་རུ་ཀྲར་གསར་ལས་ཁང་གིས་ཇི་ནི་ཝ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་༢༣ ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༤༦ པ་དྲ་ལམ་བརྒྱུད་ནས་ཚོགས་ཡོད་པ་དང་། སྐབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་ཡིན་པའི་ཐད་དེ་སྔ་ལས་ལྷག་པའི་སྐྱོན་བརྗོད་བྱས་ནས། རྒྱལ་ཚོགས་ལ་རང་དབང་ལྡན་པའི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐང་ལ་རྟོག་ཞིབ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཡོ་རོབ་མཐུན་ཚོགས་ཕྱི་འབྲེལ་སྲིད་ཇུས་ཀྱི་འགན་འཛིན་(Josep Borrell)ལགས་ནས། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་འགན་འཛིན་(Michelle Bachelet)ཤིན་ཅང་དང་བོད་དུ་གཟིགས་སྐོར་དུ་ཕེབས་བཅུག་ནས། རྒྱ་ནག་གཞུང་གིས་ཤིན་ཅང་ས་གནས་སུ་ཡུ་གུར་ཁ་ཆེ་བ་དང་། བོད་ནང་གི་བོད་མི་ཚོར་དྲག་གནོན་བརྙས་བཅོས་གཏོང་གི་ཡོད་པའི་གནས་ཚུལ་ལ་བརྟག་དཔྱད་བྱེད་དུ་འཇུག་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་རུ་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ཐོག ནུབ་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ས་ཁུལ་དང་བོད། དེ་བཞིན་དེ་སྔའི་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པའི་གནས་བབ་ཐད་དེ་སྔ་ལས་ལྷག་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་དེ་ཚོ་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པར། ད་དུང་ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ལྷན་ཚོགས་དེའི་ཐོག་བཞུགས་མཁན། རྒྱ་ནག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་བཞུགས་གཞུང་ཚབ་ཆེན་མོ་བ་གྲན་ཤུས་ནས། ད་རེས་མཐོ་རིམ་གྱི་བགྲོ་གླེང་ལྷན་ཚོགས་དེའི་ཐོག དབྱིན་ཇི་དང་ཡོ་རོབ་མཐུན་ཚོགས། འཇར་མ་ནི། ཨ་རི། ཁེ་ཎ་ཌ་གཙོས་རྒྱལ་ཁབ་ཁག་ཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་བགྲོ་གླེང་ལྷན་ཚོགས་དེ་བེད་སྤྱོད་ལོག་པ་བྱས་ཏེ། རྒྱ་ནག་ལ་ཁུངས་ལུང་མེད་པའི་སྐྱོན་བརྗོད་བྱས་བ་ནི། རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་བ་རེད་ཅེས་བཤད་ཡོད་པ་མ་ཟད། ད་དུང་ཁོ་པས། ང་ཚོས་སྐྱོན་བརྗོད་དེ་ཚོར་སེམས་ཐག་གཙང་བཅད་ཀྱིས་ངོ་རྒོལ་བྱེད་རྒྱུ་དང་ངོས་ལེན་བྱེད་ཀྱི་མིན་ཞེས་ཀྱང་བཤད་འདུག