༧གོང་ས་མཆོག་མཇལ་རྗེས་སེམས་སྡུག་ཇེ་ཆུང་དུ་འགྲོ་ཡི་འདུག་ཅེས། ཡུཀ་རེན་གྱི་བོད་དོན་རྒྱབ་སྐྱོར་བ་གཉིས་ཀྱིས་འགྲེལ་བརྗོད་གནང་བྱུང།
ཨུ་རུ་སུ་དང་ཡུཀ་རན་གཉིས་ཀྱིས་བར་འདི་ལོའི་ཕྱི་ཟླ་༢པ་ནས་བཟུང་ད་བར་མུ་མཐུད་དམག་འཁྲུག་འགྲོ་བཞིན་པའི་སྐབས་འདིར་བཞུགས་སྒར་དུ་ཡུཀ་རེན་གྱི་བོད་དོན་རྒྱབ་སྐྱོར་བ་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་སེམས་སྡུག་ཇེ་ཆུང་དུ་འགྲོ་ཡི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
- 2022-10-31
-
-
-
Your browser doesn’t support HTML5 audio
ཨུ་རུ་སུ་དང་ཡུཀ་རན་གཉིས་ཀྱིས་བར་འདི་ལོའི་ཕྱི་ཟླ་༢པ་ནས་བཟུང་ད་བར་མུ་མཐུད་དམག་འཁྲུག་འགྲོ་བཞིན་པའི་སྐབས་འདིར་བཞུགས་སྒར་དུ་ཡུཀ་རན་རྒྱལ་ཁབ་ཀྱི་ནང་བོད་དོན་རྒྱབ་སྐྱོར་བ།Oleh Tkachenkoདང་ཁོང་གི་བཟའ་ཟླ་Julia Tkachenkoརྣམ་གཉིས་ཀྱི་བུ་དེ། ཨུ་རུ་སུ་དང་ཡུཀ་རན་གྱི་དམག་འཁྲུག་བྱུང་སྟེ་ཕོ་ལན་ནང་སྐྱབས་བཅོལ་དུ་ཕྱིན་ནས་རྐྱེན་ལམ་དུ་ཤོར་བར། ཧ་ལས་ཧོན་འཐོར་བའི་སེམས་སྡུག་དང་སྐྱོ་སྣང་ཆེན་པོ་བྱུང་ཡོད་ནའང་། བོད་མི་ཚོས་སྡུག་བསྔལ་ཆེན་པོ་མྱངས་ཀྱང་བློ་སྟོབས་དང་རེ་བ་མ་བརླག་པར་བསྡད་ཡོད་པ་དང་། བོད་ཀྱི་ནང་ཆོས་སུ་གནས་ཚུལ་གང་ཅི་མི་རྟག་པ་དང་འཇིག་པའི་ཆོས་ཅན་ཡིན་པ། ལྷག་པར་ཆོས་ལུགས་གཞན་ཁག་ཅིག་དང་མི་འདྲ་བར་ནང་ཆོས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་གསུང་གི་ཡོད་པ་སོགས་ཀྱིས། རྐྱེན་ལམ་དུ་སོང་བའི་ནང་མི་ཚོ་ཡང་རྦད་དེ་མེད་པར་གྱུར་བ་མིན་པའི་ཚོར་སྣང་སྦྱིན་ཐུབ་པར་ཧ་ཅང་ཕན་ཐོགས་ཡོད་པར་བརྟེན། གོང་སྨོས་ཀྱི་བཟའ་ཚང་གཉིས་འཕྲལ་དུ་རྡ་རམ་ས་ལར་ཡོང་སྟེ་སྤྱི་ཟླ་༡༠པའི་ཚེས་༣༡ཉིན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། ཡུཀ་རན་གྱི་བོད་དོན་རྒྱབ་སྐྱོར་པ་Oleh Tkachenkoལགས་ནས། ༧གོང་ས་མཆོག་དང་བོད་མི་ཚོས་ང་ཚོ་ལ་རོགས་ཕན་ཤ་ཚ་བྱེད་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པས། ༧གོང་ས་མཆོག་ལ་མཇལ་རྗེས་སེམས་སྡུག་ཇེ་ཆུང་དུ་འགྲོ་ཡི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག སྐྱི་གཡའ་བའི་གནས་སྟངས་འདིར་༧གོང་ས་མཆོག་དང་བོད་མི་ཚོས་ང་ཚོར་ཕན་ཐོགས་དང་ཤ་ཚ་ཡོད་པ་ཤེས་ཀྱི་ཡོད་པར་བརྟེན། ང་ཚོའི་བུ་རྐྱེན་ལམ་དུ་ཤོར་བ་ནས་འཕྲལ་དུ་རྡ་རམ་ས་ལར་ཡོང་སྟེ་༧གོང་ས་མཆོག་ལ་མཇལ་ཁ་དང་། བོད་མིའི་སྤྱི་ཚོགས་ལ་ཐུག་རྒྱུ་བྱས་པ་ཡིན་པས།ད་ཆ་སེམས་སྡུག་ཇེ་ཆུང་དུ་འགྲོ་བར་ཕན་ཁྱད་ཆེན་པོ་འཐོན་གྱི་འདུག། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་སྟངས་ལྟར་ན་སོ་སོའི་ནང་མི་སོགས་རྐྱེན་འདས་སུ་སོང་བ་ནས་བཟུང་། ནམ་ཡང་བསྐྱར་དུ་ཐུག་མི་ཐུབ་པར་ཡོད་ཚད་མཇུག་སྡོམ་བརྒྱབ་པར་དགོངས་ཀྱི་ཡོད་པས། ང་ཚོ་རྟག་པར་མིག་ཆུ་ཤོར་ཡོང་གི་ཡོད་མོད། འདི་གར་བོད་ཀྱི་བླ་མ་རྣམ་པ་དང་བོད་མི་དཀྱུས་མ་ཚང་མས་སེམས་གསོ་ཤ་ཚ་གནང་གི་འདུག་སྟབས། ང་ཚོ་ལ་ཧ་ཅང་ཕན་ཐོགས་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཁོ་གཉིས་སྤྱི་ལོ་༢༠༠༦ལོར་རྡ་རམ་ས་ལར་ཡོང་སྟེ་ནང་ཆོས་ལ་དོ་སྣང་གིས་ཤུགས་རྐྱེན་ཐེབས་ཡོད་པས། ཁོང་གིས་༧གོང་ས་མཆོག་ནས་ང་ཚོའི་བུ་རྐྱེན་ལམ་དུ་ཤོར་པ་དེར་ཐུགས་སྨོན་གནང་བ་དང་ཆབས་ཅིག། ཡུཀ་རན་གྱི་མི་མང་ཚོས་རེ་བ་མི་བརླག་ཡ་ཧ་ཅང་གལ་ཆེན་ཡིན་པར་བཀའ་སྩལ་བ་འགྲེལ་བརྗོད་གནང་གི་འདུག ངས་༧གོང་ས་མཆོག་ལ་ཡུཀ་རན་གྱི་མི་མང་ཚོར་གསུང་འཕྲིན་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར།༧གོང་ས་མཆོག་གིས་ཡུཀ་རན་གྱི་མི་མང་ཚོས་རེ་བ་བརླག་མི་ཉན་པར།བོད་མི་ཚོར་ལྟོས་དང་བོད་མི་ཚོས་ཧ་ཅང་ཐབས་སྡུག་གི་གནས་ཚུལ་དེ་འདྲ་བརྒྱུད་ཡོད་ནའང་། དུས་ད་ལྟ་བར་རེ་བ་མ་བརླག་པར་བསྡད་ཡོད་པས་ཡུཀ་རན་གྱི་མི་མང་ཚོ་ཡང་སེམས་ཤུགས་མི་ཆགས་རྒྱུ་གལ་ཆེན་ཡིན་ཁར། དམག་འཁྲུག་གི་སྡུག་བསྔལ་འདི་མིས་བཟོས་པ་ཡིན་སྟབས། འགྲོ་བ་མི་ལ་སྡུག་བསྔལ་འདི་སེལ་བའི་ཐབས་ཤེས་ཡོད་པར་བཀའ་གནང་གི་འདུག་ཅེས་དང་། ཡང་ཁོང་གི་བཟའ་ཟླ་་Julia Tkachenkoལགས་ནས་ཀྱང་། བོད་མི་དང་བོད་ཀྱི་ནང་ཆོས་འདིས་དཀའ་སྡུག་ཁྲོད་ལྷུང་བའི་རྒྱལ་ཁབ་དང་མི་ཚོར་རེ་བ་སྤྲོད་པར་ཧ་ཅང་ཕན་ཐོགས་འདུག་ཅེས་འགྲེལ་བརྗོད་གནང་དོན། ང་ཚོའི་རེ་བར་ད་ལྟ་ང་ཚོར་ཧ་ཅང་དཀའ་ངལ་གྱི་དུས་ཚོད་ཅིག་ཡིན་ནའང་། ༧གོང་ས་མཆོག་དང་བོད་མི་ཚོས་ང་ཚོར་གནས་སྟངས་འདི་འགྱུར་བ་འགྲོ་རྒྱུ་ཡོད་པར་ངེས་ཤེས་བརྙེད་བཅུག་ཡ་དེ་ཡིན་པས། བོད་ཀྱི་ནང་ཆོས་ཀྱིས་འགྲོ་བ་མི་དང་རྒྱལ་ཁབ་ག་རེ་ཡིན་ན་འགྱུར་བའི་ཆོས་ཅན་ཡིན་པར་གསུང་བ་དེས། མི་རེ་ངོ་རེ་ལ་རེ་བ་སྦྱིན་ཐུབ་ཀྱི་འདུག། ཡུཀ་རན་གྱི་མི་མང་ཚོར་ད་ལྟ་གལ་ཆེ་ཤོས་ནི་ཐབས་སྡུག་གི་གནས་སྟངས་འདིར་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་། གནས་ཚུལ་ཇེ་བཟང་དུ་ཕྱིན་པ་དང་མཚུངས་སུ་ཞི་བདེ་ཡོད་པའི་རྒྱུན་ལྡན་གྱི་འཚོ་བ་བསྐྱེལ་རྒྱུ་ཡོང་ངེས་ཀྱི་རེ་བ་མི་བརླག་རྒྱུ་དེ་ཡིན་པས། དེ་ལ་བོད་མི་ཚོ་དཔེར་མཚོན་ཡག་ཤོས་ཤིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་OlehTkachenkoལགས་ནས་དམག་འཁྲུག་གི་སྐབས་ནང་ཆོས་ཀྱི་མི་རྟག་པའི་ལྟ་བ་ལ་བསམ་བློ་འཁོར་ན་ཧ་ཅང་ཕན་པ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག དམག་འཁྲུག་ཐོག་མའི་སྐབས་སུ་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་སོགས་དངོས་སུ་མཐོང་སྟེ། ཧོན་འཐོར་བ་དང་འཇིགས་སུ་རུང་བ་ཞིག་འདུག་མོད། ནང་ཆོས་སུ་གསུང་བའི་གནས་སྟངས་གང་ཅི་མི་རྟག་པ་དང་འགྱུར་བའི་རང་བཞིན་ཡིན་པས། དམག་འཁྲུག་ཀྱང་དོན་གྱིས་མི་རྟག་པ་སྟེ་ཟླ་བ་ཁ་ཤས་དང་ལོ་ཤས་རིང་འགྱུར་བ་ཕྱིན་ཏེ་འདས་དོན་དུ་འགྱུར་བར་ངེས་པས། གནས་སྟངས་ཐབས་སྡུག་འདི་ལ་ནང་ཆོས་ཀྱིས་ཕན་ཐོགས་ཆེན་པོ་འབྱུང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།
བོད་དོན་རྒྱབ་སྐྱོར་བ་བཟའ་ཚོ་དེ་གཉིས་ནས་སྤྱི་ལོ་༢༠༠༧ལོ་ནས་མགོ་བཙུགས་ཏེ། ཡཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་ཏུ་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་དོན་གྱི་པར་རིས་འགྲེམས་སྟོན་གྱིས། ཡུཀ་རན་གྱི་མི་རིགས་ཧ་ཅང་མང་པོ་སེམས་འགུལ་ཆེན་པོ་ཐེབས་ཏེ་མིག་ཆུ་འབྱིན་པ་སོགས་བྱུང་ཡོད་ལ། སྤྱི་ལོ་༢༠༠༨ལོ་ནས་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་ལས་འགུལ་ཐེངས་མང་སྤེལ་བ་དང་། བཙན་བྱོལ་ནང་གི་བྱམས་བརྩེ་ཟེར་བའི་གློག་བརྙན་ཡུཀ་རན་གྱི་སྐད་དུ་བསྒྱུར་བ། བོད་ཀྱི་སྐོར་རྒྱུས་མངའ་ཡོད་པའི་ཚན་རིག་པ་དང་བོད་དོན་གོ་རྟོགས་ཀྱི་བགྲོ་གླེང་སྤེལ་བ་སོགས་ཐེངས་གནང་མྱོང་ཡོད་པར་བརྟེན། ད་ལན་བཞུགས་སྒར་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་འཕྲད་ཀྱང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།