དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་བོད་དོན་གླེང་དགོས་བ་ཚོགས་སྡེ་ཁག་གིས་འབོད་སྐུལ་ཞུས་འདུག

དབྱིན་ཡུལ་ནང་གི་བོད་དོན་ལས་འགུལ་སྤེལ་མཁན་ཚོགས་སྡེ་ཁག་གིས་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་དུ་ཕེབས་སྐབས་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་བོད་དོན་གླེང་དགོས་བའི་འབོད་སྐུལ་ཞུས་འདུག

དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་བོད་དོན་གླེང་དགོས་བ་ཁུལ་དེའི་ཚོགས་སྡེ་ཁག་གིས་འབོད་སྐུལ་ལས་འགུལ་སྐབས། ༡༠།༡༥།༢༠༢༤ @freetibetorg

དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་(David Lammy)་གཟའ་འཁོར་འདིའི་ནང་རྒྱ་ནག་ཏུ་ཆེས་མཐོའི་ཚོགས་འདུ་ཞིག་གི་ཆེད་ཕེབས་ཀྱི་ཡོད་པའི་སྐབས་དང་བསྟུན། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པ་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དང་བླངས་བོད་དོན་ཞུ་གཏུག་ཚོགས་པ་བཅས་ཀྱིས་དབྱིན་ཡུལ་དུ་གནས་སྡོད་བོད་མིའི་ཚོགས་སྡེ་ཁག་དང་བོད་མི་སྟོང་ཕྲག་མང་པོའི་ཚབ་ཞུས་ཏེ། ཕྱི་སྲིད་དྲུང་ཆེ་(David Lammy)་ལགས་ད་ཐེངས་རྒྱ་ནག་ཏུ་ཐོག་མའི་འཚམས་གཟིགས་སྐབས་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་བོད་དོན་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་པ་དང་མཉམ། ཚེས་༡༥ཉིན་ལས་འགུལ་བ་ཚོས་དབྱིན་ཡུལ་གྱི་གྲོས་ཚོགས་མདུན་དང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་གྱི་དབུས་ཁུལ་དུ་ཕྱི་སྲིད་དྲུང་ཆེ་ལགས་བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་ཚིག་འཁོད་པའི་རླངས་འཁོར་བསྐོར་བསྐྱོད་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་སྲིད་དྲུང་ཆེ་མཆོག་ཐེངས་དང་པོར་རྒྱ་ནག་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གི་ཡོད་པར་བརྟེན་ད་ཐེངས་གོ་སྐབས་དམ་འཛིན་གྱིས་བོད་ཀྱི་གནད་དོན་གླེང་སློང་དགོས་པ་མ་ཟད། ཚོང་འབྲེལ་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བློས་གཏོང་གནང་རྒྱུ་མེད་པའི་འབོད་སྐུལ་ཞུས་ཡོད་པ་སོགས་ས་གནས་ཀྱི་བོད་རང་དབང་ལས་འགུལ་ཚོགས་པའི་འབྲེལ་འཐུད་ལས་བྱེད་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་༼བློན་ཆེན་རིམ་པ་༽ཡི་ལས་ཁུངས་སུ་ཕྱི་ཚེས་༡༦ ཉིན་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཏེ། ད་ཐེངས་རྒྱ་ནག་ཏུ་ཕེབས་སྐབས་བོད་དོན་སྐོར་གླེང་སློང་གནང་འཆར་ཡོད་མེད་དང་། དེ་འབྲེལ་གྱི་གྲོས་གཞི་ཇི་ཡོད་བཀའ་འདྲི་ཞུས་པར་ད་བར་ལན་འདེབས་བྱུང་མ་སོང་ཡང་མུ་མཐུད་དུ་དེའི་ཐད་རྗེས་འདེད་ཞུ་བཞིན་ཡོད།
གོང་ཞུས་ཚོགས་པ་ཁག་གི་འབོད་སྐུལ་ཞུ་ཡིག་ནང་། ཚོགས་འདུ་དེ་བཞིན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཡིན་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་གཉིས་ཚོགས་འདུའི་སྐབས་གྲོས་གཞིའི་ནང་དུ་ངེས་པར་དུ་འཇོག་དགོས་པའི་འབོད་སྐུལ་ཞུས་ཏེ། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཏང་བའི་གནས་སྟངས་ཐད་རྒྱ་ནག་ལ་སྔོན་མ་ནས་འབོད་སྐུལ་བྱས་ཡོད་པ་བསྐྱར་ནན་བྱེད་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐབ་སྲུང་སྐྱོབ་བྱེད་མཁན་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ལ་དཔྱད་རྩོམ་སྤེལ་མཁན་དང་སྐུ་པར་ཡོད་མཁན་ཚོ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟའི་ཆར་གར་ཡོད་དང་གནས་སྟངས་གང་འདྲ་ཡིན་མིན་སྐོར་གླེང་དགོས་པ། བོད་ནང་གཏེར་ཁ་སྔོག་འདོན་དང་གློག་ཤུགས་གློག་ཁང་ཆེད་ཆུ་རགས་རྒྱབ་པ་སོགས་ཐེ་བའི་བོད་ནང་ལག་སྟར་བྱེད་བཞིན་པའི་ལས་འཆར་ཁག་ལ་བོད་མི་ཚོས་སྔོན་ཚུད་ནས་རང་དབང་དང་ཤེས་རྟོགས་ཡོད་པའི་ཐོག་ནས་མོས་མཐུན་ཡོད་མེད་གཟིགས་དགོས་བ་ལས་བཙན་ཤེད་ཀྱིས་ལས་འཆར་སྤེལ་བ་དང་ས་གནས་བོད་མི་གནས་སྤོ་བྱེད་དགོས་པའི་ལས་འཆར་དེ་དག་མཚམས་འཇོག་དགོས་པ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་བོད་ཀྱི་གནས་བབ་ཐད་ལ་བོད་མི་མང་གི་སྐུ་ཚབ་དང་ཐད་ཀར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཅས་ཞུ་ཡིག་ནང་བཀོད་འདུག


གསར་འགོད་པ། སྒྲོལ་མ་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org