ཨ་རིས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་དུ་དམག་དོན་རོགས་རམ་ཕྱིར་འཐེན།

ཨ་རི་གཞུང་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་དུ་དམག་དོན་གྱི་རོགས་རམ་གནང་རྒྱུ་ཕྱིར་འཐེན་གནང་བ་དེ་ནི་ཉེས་པ་བཏང་བ་ཞིག་ཡིན་ལུགས།

༄༅༎ཀེམ་སྦོ་ཌི་ཡ་གཞུང་གིས་ད་རེས་གཟའ་པ་སངས་ཉིན་བརྗོད་དོན་ལྟར་ན་ཨ་རི་གཞུང་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་དུ་དམག་དོན་གྱི་རོགས་རམ་གནང་རྒྱུ་ཕྱིར་འཐེན་གནང་བ་དེ་ནི་ཉེ་དུས་ཀེམ་སྦོ་ཌི་ཡ་གཞུང་གིས་ཡུལ་དེའི་ནང་བྲོས་བྱོལ་དུ་ཡོང་བའི་ཡུ་གུར་མི་རིགས་མི་གྲངས་༢༠རྒྱ་ནག་ལ་ཕྱིར་ལོག་བཏང་བར་ཉེས་པ་བཏང་བ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད་

ཨ་རི་གཞུང་གིས་ད་རེས་གཟའ་ཕུར་བུའི་ཉིན་ཀེམ་སྦོ་ཌི་ཡར་དམག་གི་མོ་ཊ་ཉི་ཤུ་དང་དེ་བཞིན་ཡོ་ཆས་རོགས་རམ་གནང་རྒྱུ་ཕྱིར་འཐེན་གནང་ཡོད་ཅིང་དེ་ལྟར་གནང་དགོས་དོན་ནི་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ཡུ་གུར་མི་གྲངས་ཉི་ཤུ་ཤིན་ཅང་ས་གནས་ནས་ཀེམ་སྦོ་ཌི་ཡའི་ནང་བྲོས་བྱོལ་དུ་སླེབས་ཏེ་ཡུལ་དེའི་ནང་སྐྱབས་བཅོལ་འཐོབ་རྒྱུའི་རེ་བ་བྱས་ཡོད་ན་ཡང་ཀེམ་སྦོ་ཌི་ཡ་ཡུལ་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཡུ་གུར་མི་རིགས་དེ་དག་རྒྱ་ནག་ནང་ཕྱིར་ལོག་བཏང་ཚེ་སྲོག་ལ་ཉེན་ཁ་ཡོད་པར་མ་ལྟོས་པར་ཁོང་ཚོ་ཕྱིར་ལོག་བཏང་བར་བརྟེན་ནས་ཨ་རིས་ཀེམ་སྦོ་ཌི་ཡ་གཞུང་ལ་ཉེས་པ་གཏོང་རྒྱུའི་ཆེད་དམག་དོན་གྱི་མཁོ་ཆས་རོགས་རམ་ཕྱིར་འཐེན་བྱས་པ་ཞིག་ཡིན་པར་ ཀེམ་སྦོ་ཌི་ཡ་ཕྱོགས་ནས་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ ཀེམ་སྦོ་ཌི་ཡའི་གཞུང་གི་མགྲིན་ཚབ་པ་ཁིའུ་ཀན་ཧ་རིཐ་ནས་བརྗོད་པར་ ཨ་རི་གཞུང་གིས་ཡུལ་དེར་དམག་དོན་གྱི་རོགས་རམ་གནང་རྒྱུར་ཕྱིར་འཐེན་བྱས་པར་སེམས་འཚབ་གང་ཡང་མེད་ལུགས་དང་གལ་སྲིད་ཨ་རི་གཞུང་གིས་ཡུལ་དེར་དམག་དོན་གྱི་ཡོ་ཆས་རོགས་རམ་མུ་མཐུད་གནང་ཚེ་ཧ་ཅང་གི་དགའ་པོ་ཡོང་རྒྱུ་དང་ཡིན་ནའི་རོགས་རམ་ཕྱིར་འཐེན་བྱས་ན་ཡང་སེམས་འཚབ་བྱེད་དགོས་དོན་མེད་པ་དང་ཨ་རིའི་དམག་དོན་ཆོ་ཡས་རོགས་རམ་མེད་ན་ཡང་ཀེམ་སྦོ་ཌི་ཡའི་དམག་དོན་ལས་གཞིར་ཤུགས་རྐྱེན་ངན་པ་གང་ཡང་ཐེབས་མི་སྲིད་པ་ཡིན་ལུགས་འགྲེལ་བརྗོད་བྱས་པ་དང་འབྲེལ་ཀེམ་སྦོ་ཌི་ཡ་གཞུང་གིས་ཡུ་གུར་མི་རིགས་དེ་དག་རྒྱ་ནག་ནང་ཕྱིར་ལོག་གཏོང་དགོས་དོན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གིས་འབྲེལ་ཡོད་ནས་ཡུ་གུར་མི་རིགས་དེ་དག་ལ་སྐྱབས་བཅོལ་གྱི་གནས་བབ་སྤྲོད་རྒྱུའི་ལས་དོན་ཧ་ཅང་གི་འགོར་པོ་བྱུང་བའི་རྐྱེན་གྱིས་ཡིན་ལུགས་གསལ་བཤད་ཡང་བྱས་ཡོད་པ་རེད་ ཀེམ་སྦོ་ཌི་ཡ་གཞུང་གིས་ཡུ་གུར་གྱི་སྐྱབས་བཅོལ་བ་དེ་དག་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིང་བིང་ཡུལ་དེའི་ནང་གཟིགས་སྐོར་དུ་མ་ཕེབས་པའི་སྔ་ནུབ་དུ་རྒྱ་ནག་ནང་ཕྱིར་སློག་བྱས་ཡོད་པ་དང་ཞིའི་ཅིང་བིང་ཀེམ་སྦོ་ཌི་ཡའི་ནང་གཟིགས་སྐོར་གནང་རིང་རྒྱ་ནག་གཞུང་གིས་ཀེམ་སྦོ་ཌི་ཡ་ཡུལ་ལ་ཨ་སྒོར་ཐེར་འབུམ་གཅིག་དང་ཚག་གཉིས་ཙམ་གྱི་རོགས་དངུལ་དང་བུན་ལོན་གཡར་པོ་བཏང་ཡོད་པ་རེད་