ཨ་རིས་རྒྱ་ནག་གི་གཡོ་བྱུས་ལ་ཁ་གཏད་བཅག་འཆར།
2011.10.15
༄༅༎རྒྱ་ནག་གཞུང་གིས་ཡུལ་དེའི་མི་མང་ཤོག་སྒོར་གྱི་ཛ་ཐང་རྐང་བཙུགས་ནས་དམའ་པོར་བཞག་གི་ཡོད་པ་དེར་ཁ་གཏད་བཅག་རྒྱུའི་ཆེད། རྒྱ་ནག་གི་བྱེད་སྟངས་དེའི་རྐྱེན་པས་གྱོང་གུན་རག་མཁན་རྒྱལ་ཁབ་ཚོས་ཐུན་མོང་གི་ལངས་ཕྱོགས་ཤིག་འཛིན་དགོས་ཀྱི་རེད་ཅེས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་གསུངས་འདུག
དེ་ཡང་གནད་དོན་འདིའི་ཐད་འདི་ཚེས་༡༤ ཉིན་ལྕམ་ཀི་ལིན་ཀྲེན་གྱི་གཏམ་བཤད་ཅིག་གནང་བའི་ནང་། རྒྱ་ནག་གཞུང་གིས་ཡུལ་དེའི་མི་མང་ཤོག་སྒོར་གྱི་ཛ་ཐང་རྐང་བཙུགས་ནས་ཆུང་ཆུང་འཇོག་བཞིན་པ་དེ་ནི། རྒྱལ་སྤྱིའི་ཚོང་ལས་ཁྲོམ་རའི་འགྲོ་སྟངས་དང་མ་མཐུན་པ་ཞིག་ཡིན་པ་མ་ཟད། ཨ་རི་གཅིག་པོར་མིན་པར་ རྒྱལ་ཁབ་མང་པོར་གྱོང་གུང་བཟོ་བཞིན་ཡོད་སྟབས། གལ་སྲིད་རྒྱ་ནག་ཕྱོགས་ནས་གཡོ་བྱུས་ཀྱི་བྱེད་སྟངས་དེར་འགྱུར་བ་མ་བཏང་བ་ཡིན་ཚེ། བྱེད་སྟངས་དེའི་རྒྱུད་ནས་གྱོང་གུན་ཕོག་མཁན་གྱི་རྒྱལ་ཁབ་རྣམས་གཅིག་ཏུ་བསྒྲིལ་ནས། རྒྱ་ནག་ལ་ཁ་གཏད་བཅོག་རྒྱུའི་ལངས་ཕྱོགས་ཤིག་འཛིན་དགོས་པ་ཆགས་བཟོ་ཡོད་པ་དང༌། རྒྱལ་སྤྱིའི་ཁྲོམ་རའི་འགྲོ་སྟངས་ཀྱི་ལམ་ལུགས་དེ་དག་རྒྱལ་ཁབ་ཚང་མར་གཅིག་མཚུངས་ཁྱབ་དགོས་པ་ལས། འགའ་ཤས་ཀྱིས་བརྩི་སྲུང་བྱས་པ་དང༌། འགའ་ཤས་ཀྱིས་བརྩི་སྲུང་མ་བྱས་པ་དེ་ནི་དྲང་བདེན་མིན་པར་སོང༌། ད་ཆ་རྒྱ་ནག་གི་བྱེད་སྟངས་དེའི་རྐྱེན་པས་གྱོང་གུན་ཕོག་མཁན་གྱི་རྒྱལ་ཁབ་ཚོས་ཐུང་མོན་གྱི་ལངས་ཕྱོགས་ཤིག་འཛིན་ཏེ། དེར་ཁ་གཏད་བཅག་རྒྱུའི་དུས་ལ་བབས་པའི་དགོངས་ཚུལ་ཡོང་གི་འདུག་ཅེས་གསུང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བྱེད་སྟངས་དེར་ཁ་གཏད་གདོང་ལེན་བྱེད་རྒྱུར་དམིགས་ཏེ། ཉིན་ཤས་གོང་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་གཞི་ཞིག་གཏན་འབེབས་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་དང༌། ཡང་གྲོས་ཚོགས་འོག་མའི་ནང་ཁྲིམས་གཞི་དེའི་སྐོར་བགྲོ་གླེང་གནང་བཞིན་ཡོད་པ་རེད།།