༄༅༎ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཤིག་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བའི་གནས་སྟངས་རྟོག་ཞིབ་སླད་ཕེབས་འབྱོར་བྱུང་ཡོད་འདུག
དེ་ཡང་བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་གསར་འགོད་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་དོན་ལྟར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལྷོ་དབུས་ཨེ་ཤི་ཡའི་ལས་དོན་ཚན་པའི་དྲུང་གཞོན་ལས་ཚབ་སྐུ་ཞབས་ཨ་ཏུལ་ཀ་ཤལྦ་མཆོག་རེས་གཟའ་མིག་དམར་ཉིན་བལ་ཡུལ་ནང་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་ནས་ཁུལ་དེར་ཡོད་པའི་བོད་མི་དང་འབྲུག་པའི་སྐྱབས་བཅོལ་བའི་ཐོག་བལ་ཡུལ་གཞུང་ནས་གཟིགས་རྟོག་གནང་སྟངས་ཐོག་རྟོག་ཞིབ་དང་གནད་དོན་དེ་དག་གི་ཐོག་བལ་ཡུལ་གྱི་འབྲེལ་ཡོད་ཚོ་དང་བཀའ་བསྡུར་གནང་འཆར་ཡོད་འདུག སྤྱིར་བཏང་བལ་ཡུལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྟ་རྟོགས་ཚོགས་ཆུང་གཉིས་དབར་དེ་སྔ་ཕྱི་ལོ་༡༩༨༩ལོར་བལ་ཡུལ་གཞུང་ནས་བལ་ཡུལ་བརྒྱུད་བོད་ནས་སྐྱབས་བཅོལ་ཡོང་མཁན་བོད་མི་ཚོར་བཀག་འགོག་བྱས་པའི་སྐབས་གྲོས་མཐུན་བྱུང་བའི་ནང་། བོད་མི་ཚོར་བལ་ཡུལ་བརྒྱུད་རྒྱ་གར་ནང་འགྲོ་བསྐྱོད་ཆོག་པའི་མོས་མཐུན་བྱུང་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གི་དཔལ་འབྱོར་རོགས་རམ་བྱས་པ་སོགས་ཀྱི་གནོན་ཤུགས་འོག་བོད་མི་ཚོར་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད་ཉེ་ཆར་ནས་བོད་མི་འགའ་ཤས་ཕྱིར་ལོག་བྱས་པའི་གནས་ཚུལ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ལ་བརྟེན་ཨ་རིས་གཙོས་རྒྱལ་སྤྱིའི་ཐོག་ནས་གླེང་སློང་གནང་ཡོད་པ་རེད། ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ནས་བལ་ཡུལ་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ཚོའི་གནས་སྟངས་སྐོར་ཉམས་ཞིབ་དང་གྲོས་མོལ་གནང་འཆར་ཡོད་འདུག