ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་ཐོག་གྲོས་ཆོད་བཞག་སྐོར།
2008.07.31
༄༅༎ཁ་ས་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་ རྒྱ་ནག་གཞུང་གིས་རྒྱ་ནག་ནང་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བ་འཕྲལ་མར་མཚམས་འཇོག་དགོས་པ་དང་ རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གི་མི་རིགས་ཐོག་དྲག་གནོན་མཚམས་འཇོག་དགོས་པ་ དེ་བཞིན་ཨཕ་རི་ཀའི་སུའུ་ཌའན་དང་འབར་མའི་དྲག་པོའི་སྲིད་གཞུང་གཉིས་ལ་རྒྱ་ནག་གཞུང་གིས་རྒྱབ་བསྐྱོར་མཚམས་འཇོག་དགོས་པའི་གྲོས་ཆོད་གཏན་འབེབས་གནང་རྗེས་ དེ་རིང་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གཞུང་གི་ཨོ་ལིམ་པིག་རྩེད་འགྲན་གྱི་སྲོལ་རྒྱུན་དང་དམིགས་ཡུལ་གཞིར་བཟུང་ འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏོང་བའི་ལམ་སྲོལ་མཚམས་འཇོག་བྱ་དགོས་པའི་སྐུལ་མ་གནང་འདུག་༎
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དངོས་སུ་འགོ་བཙུགས་རན་པར་ཉིན་དགུ་ལས་མེད་པའི་དུས་ཚོད་འདིར་ རྒྱ་ནག་གཞུང་གིས་ རྩེད་འགྲན་སྐབས་གསར་འགོད་པ་ཚོས་དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་དང་བསྔོགས་བཤེར་བྱ་ཕྱོགས་ཐད་ལ་ དོ་དམ་བཏང་འཛིན་བྱ་རྒྱུའི་འཆར་གཞི་ཕྱིར་འདོན་བྱས་པ་དེ་ རྒྱལ་སྤྱིའི་ཐོག་གསར་འགོད་རང་དབང་གི་གནད་དོན་ཆ་ནས་ རྩོད་གླེང་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད་ དེ་རིང་ཨ་མི་རི་ཀའི་སྲིད་འཛིན་མཆོག་གི་མགྲིན་ཚབ་མ་ ཌེ་ན་པེ་རི་ནོ་ ཡིས་ སྲིད་འཛིན་སྦུ་ཤེ་མཆོག་ནས་ རྒྱ་ནག་ནང་གསར་འགོད་པ་ཚོར་དྲ་རྒྱའི་རང་དབང་ཙམ་མ་ཟད་ རྒྱ་ནག་ཁྱོན་ཡོངས་སུ་དྲ་རྒྱའི་རང་དབང་ཆེ་ཙམ་ཡོང་རྒྱུའི་ཐུགས་འདོད་ཆེན་པོ་གནང་གི་ཡོད་སྐོར་གསལ་འདོན་གནང་བཞག ཁོང་གིས་གསུང་ན་ ཨ་རིའི་སྲིད་འཛིན་མཆོག་ནས་ རྒྱ་ནག་ནང་དྲ་རྒྱའི་རང་དབང་དང་གསར་འགོད་རང་དབང་ ཆོས་དད་རང་དབང་དང་ དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་པར་ རྒྱ་ནག་གཞུང་ལ་བློ་འཚབ་སྐྱེ་གཞིའི་གནད་དོན་གང་ཡང་ཆགས་ཀྱི་མེད་པའི་སྐོར་ སྲིད་འཛིན་མཆོག་ནས་བཀའ་མོལ་ལན་མང་གནང་ཡོད་ལ་ གལ་སྲིད་གནད་དོན་དེ་དག་གི་ཐད་ལ་ རྒྱ་ནག་གཞུང་གིས་བསམ་གཞིགས་ཆེ་ཙམ་གནང་པ་ཡིན་ན་ རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་ཐོངས་དང་རྒྱལ་ཁབ་མདུན་བསྐྱོད་ལ་ཕན་ནུས་ཡོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག་༎