ཨ་རིའི་སྲིད་འཛིན་ནས་ཨེ་ཤི་ཡའི་ཡུལ་གྲུའི་དབུ་ཁྲིད་མཇལ་འཕྲད།

ཨ་རིའི་སྲིད་འཛིན་མཆོག་ནས་རྒྱལ་སྤྱིའི་ལྷན་ཚོགས་གནང་བའི་སྐབས་ཨེ་ཤི་ཡའི་ཡུལ་གྲུའི་དབུ་འཁྲིད་རྣམས་མཇལ་འཕྲད་གནང་འཆར་འདུག

༄༅༎ཨ་རིའི་སྲིད་འཛིན་མཆོག་ནས་རིང་མིན་ཁེ་ན་དྲའི་ནང་འཛམ་གླིང་ཡུལ་གྲུ་ཁག་གི་ལྷན་ཚོགས་གནང་བའི་སྐབས་ཨེ་ཤ་ཡའི་ཡུལ་གྲུའི་དབུ་འཁྲིད་རྣམས་མཇལ་འཕྲད་གནང་འཆར་ཡོད་འདུག

དེ་ཡང་སྲིད་འཛིན་ལས་ཁུངས་ནས་གསལ་བསྒྲགས་གནང་བའི་ནང་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རིང་མིན་ཁེ་ན་དྲའི་གྲོང་ཁྱེར་ཀྲོ་རན་ཀྲོའི་ནང་། རྒྱལ་སྤྱིའི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་གནང་བའི་སྐབས་ཨེ་ཤ་ཡའི་ཡུལ་གྲུ། རྒྱ་གར་དང་། རྒྱ་ནག། ལྷོ་ཀོ་རི་ཡ། ཉི་ཧོང༌། ཨིན་རྡོ་ནེ་ཤེ་ཡ་བཅས་ཀྱི་འགོ་འཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཨོ་སྦ་མའི་སྲིད་གཞུང་ངོས་ནས་ཨེ་ཤ་ཡའི་ཡུལ་གྲུ་དེ་དག་དང་འབྲེལ་བ་བྱེད་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་མཚོན་ཐུབ་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

སྲིད་འཛིན་ཨོ་སྦ་མ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། སྐབས་དེར་རྒྱ་ནག་གི་དངུལ་གྱི་འཛའ་ཐང་སྤར་ཆ་བྱེད་རྒྱུའི་གནད་དོན་དང་གཞན་ཡང་དཔལ་འབྱོར་དང་། སྲུང་སྐྱོབ་ཀྱི་གནད་དོན་སོགས་ཀྱི་ཐོག་བཀའ་མོལ་གནང་རྒྱུ་ཡིན་འདུག

དེ་དང་ཕྱོགས་མཚུངས་ལྷོ་ཀོ་རི་ཡ་དང་། ཉི་ཧོང་གི་འགོ་འཁྲིད་གསར་པ་རྣམ་གཉིས་དབར་གྲོས་མོལ་སྐབས་བྱང་ཀོ་རི་ཡའི་གནད་དོན་དང་། ས་མཚམས་སྲུང་སྐྱོབ་ཀྱི་གནད་དོན་སྐོར་གྲོས་མོལ་གནང་བཟོ་ཡོད་པའི་སྐོར་གསུངས་འདུག དེ་དང་ཕྱོགས་མཚུངས་རྒྱ་གར་དང་ཨིན་རྡོ་ནེ་ཤ་ཡ་བཅས་ཀྱི་དབུ་འཁྲིད་ལྷན་དུའང་གྲོས་མོལ་གནང་འཆར་ཡོད་པ་རེད་ལ་ཡུལ་དེ་དག་ནང་རིང་མིན་སྲིད་འཛིན་མཆོག་འཚམས་འདྲི་གཟིགས་བསྐོར་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org