༸གོང་ས་མཆོག་ལ་དམངས་གཙོའི་གཟེངས་རྟགས་འབུལ་གཏན།
2010.02.12
༄༅༎ཨ་མི་རི་ཀའི་དམངས་གཙོ་དར་སྤེལ་ཐེབས་རྩ་ཁང་གིས་ཟླ་བ་འདིའི་ཕྱི་ཚེས་༡༩རེས་གཟའ་པ་སངས་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་དམངས་གཙོའི་རྩ་དོན་དར་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་ཕྱག་ལས་ཀྱི་མཛད་རྗེས་ལ་ངོས་འཛིན་གྱིས། དམངས་གཙོའི་གཟེངས་རྟགས་ཞིག་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༧ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་རྒྱུ་དང། འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་མཛད་འཆར་གཙོ་བོ་ནི། ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་རྒྱུ་དང། དེ་ནས་ཕྱི་ཚེས༡༩འི་སྔ་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀའི་ཐོག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་ནང་དུ་ཡོད་པའི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སྐོང་ཚོགས་གནང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་དང། ༸གོང་ས་མཆོག་ནས་མཛད་སྒོ་དེར་མཉམ་ཞུགས་གནང་མཁན་མི་དམངས་ལྔ་བརྒྱ་ལྷག་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དར་སྤེལ་ཐེབས་རྩ་ཁང་གི་ཚོགས་གཙོ་ཁའལ་གར་ཤི་མེན་ཡིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་པའི་མཛད་རྗེས་ངོས་འཛིན་གནང་དོན་གཙོ་བོ་ནི། བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་མི་ཉམ་རྒྱུད་འཛིན་གནས་ཐབས་བྱེད་པ་ནི་འཛམ་གླིང་ནང་ཡོངས་གྲགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང། ༸གོང་ས་ཏྰ་ལའི་བླ་མ་མཆོག་གིས་དེ་སྔ་བོད་ནས་བཙན་བྱོལ་དུ་མ་ཕེབས་གོང་ནས་དེ་སྔའི་བོད་རྙིང་པའི་གཞུང་གི་ལམ་ལུགས་བཅོས་བསྒྱུར་གཏོང་ཐབས་ཀྱི་དམངས་གཙོ་ཕྱོགས་སུ་ཕེབས་རྒྱུའི་དགོངས་གཞི་དང་ཕྱག་ལས་ཀྱི་རྨང་གཞི་གཏིང་གནང་ཡོད་པ་དེ་བཙན་བྱོལ་དུ་ཕེབས་པའི་རྗེས་དངོས་སུ་ཕྱག་ལས་ལག་བསྟར་གནང་སྟེ། ད་ཆ་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོའི་རྩ་ཁྲིམས་གཏན་འབེབས་གནང་བའི་འོག་དམངས་གཙོའི་འགྲོ་ལམ་ཐོག་ཕེབས་ཏེ། མི་དམངས་ཀྱི་འོས་འདེམས་བྱས་པའི་བཙན་བྱོལ་བོད་མིའི་གྲོས་ཚོགས་དང། ཆེས་མཐོའི་ཁྲིམས་ཁང་ཡོད་པ་མ་ཟད། ཉིན་རེ་བཞིན་བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་སྲ་བརྟན་གོང་འཕེལ་དུ་ཕྱིན་ཏེ་མི་དམངས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དབུ་ཁྲིད་པའི་བཙན་བྱོལ་གཞུང་ཞིག་གསར་འཛུགས་གནང་ཏེ། དམངས་གཙོའི་ལམ་སྲོལ་ཐོག་བཅོས་བསྒྱུར་གནང་བའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ངོས་འཛིན་ཞུས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།