ལྷོ་ཤར་ཨེ་ཤེ་ཡར་ཨ་རིའི་དམག་སྒར་འཛུགས་འཆར་མེད་པ།

ཨ་རིའི་ཞི་བདེའི་རྒྱ་མཚོའི་དམག་དཔོན་ནས་ལྷོ་ཤར་ཨེ་ཤེ་ཡའི་ནང་དམག་སྒར་འཛུགས་འཆར་མེད་སྐོར་བཤད་པ།

༄༅༎ཨ་མེ་རི་ཁས་ལྷོ་ཤར་ཨེ་ཤེ་ཡའི་ནང་དམག་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཡང་གཏན་འཇགས་དམག་སྒར་རྒྱག་འཆར་མེད་ལུགས་ཨ་རིའི་ཞི་བདེ་རྒྱ་མཚོའི་དམག་དཔོན་གྱིས་གསལ་བཤད་གནང་འདུག
ཨ་རིའི་ལོ་འཁོར་དངུལ་རྩིས་ནང་དྲག་པོའི་དམག་གི་འགྲོ་གྲོན་ལ་བཅོག་ཆ་ཆེན་པོ་བྱ་གཏན་འཁེལ་ཡོད་ཀྱང་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རིའི་དཔུང་དམག་ཁ་སྣོན་བྱ་གཏན་འཁེལ་བ་དེས་ཨེ་ཤེ་མངའ་ཁུལ་ས་གནས་གལ་ཆེར་འགྱུར་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་པ་རེད་ཅེས་ཨ་རིའི་དམག་སྤྱིས་གསུངས་གནང་འདུག ཡང་ཉེ་ཆར་ཨ་རིའི་དམག་དཔུང་ཨོ་སི་ཀྲོ་ལི་ཡའི་ནང་གཏན་འཇོག་བྱ་རྒྱུ་དང་། སིང་ག་པོར་གྱི་མཚོ་ཁ་རུ་དམག་གི་གྲུ་གཟིངས་གཞག་རྒྱུ་བཅས་ཀྱིས་ཨ་རིའི་དམག་སྒར་དམིགས་བསལ་གསར་འཛུགས་མི་དགོས་པར་དཔུང་དམག་རྣམས་འགྲེམས་འཇོག་ཐུབ་པའི་མཐུན་རྐྱེན་དུ་འགྱུར་ཡོད་ལུགས་ཁོང་གིས་འགྲེལ་བརྗོད་གནང་འདུག ཕྱོགས་མཚུངས་ཕི་ལི་པིན་དུ་དེ་སྔ་ཨ་རིའི་དམག་སྒར་ཞིག་རྟེན་གཞི་བྱས་ཡོད་ཀྱང་ལོ་ངོ་ཉི་ཤུའི་གོང་ནས་ཕྱིར་བསྡུ་བྱས་ཟིན་པ་རེད།    ད་ཆ་སླར་ཡང་ཕི་ལི་པིན་དུ་ཨ་རིའི་དམག་སྒར་གསར་པ་རྒྱག་འཆར་མེད་ཀྱང་ཡུལ་གཉིས་དམག་སྦྱོང་མཉམ་དུ་བྱེད་པ་དང་། ཕི་ལི་པིན་ལ་ཨ་རིའི་དེང་རབས་དམག་གི་དམག་གྲུ་སོགས་ཚོང་འབྲེལ་བྱ་རྒྱུའི་འདུན་པ་ཡོད་པ་རེད།   
གང་ལྟར་རྒྱ་ནག་གཞུང་གིས་དྲག་པོའི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་མ་ཟད། གཏེར་གྱི་ཕྱུག་པའི་གླིང་ཕྲན་མང་པོའི་བདག་དབང་ཐོག་ཕི་ལི་པིན་དང་སྦུ་རུ་ནའེ། མ་ལེ་ཤེ་ཡ། ལྦིཏ་ནམ། ཐའེ་ལྦན་སོགས་ཡུལ་གྲུ་མང་པོ་དང་རྩོད་པ་ཡོད་མུས་ཡིན་པར་བརྟེན། སྟོབས་ཆེན་ཨ་རིའི་དམག་དཔུང་ལྷོ་ཨེ་ཨེ་ཤའི་ཁུལ་ཁ་སྣོན་གཏོང་གི་ཡོད་པ་རེད། རྡོ་སྣུམ་སོགས་གཏེར་གྱི་ཕྱུག་པའི་གླིང་ཕྲན་དེ་དག་གི་བདག་དབང་ཞི་བའི་ཐོག་ནས་ཐག་གཅོད་འབྱུང་ཐབས་བྱ་རྒྱུ་ནི་ཨ་རིའི་བདེ་དོན་དང་འབྲེལ་བ་ཡོད་ལུགས་ཨ་རི་གཞུང་གིས་གསལ་བཤད་གནང་གི་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org