ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གཞུང་ལ་དགོས་འདུན།
2009.07.07
༄༅༎ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་རྒྱ་ནག་གཞུང་ནས་ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་ཚོའི་ཐོག་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་པ་དང་སྦྲགས་རྒྱ་ནག་གི་དབང་འོག་ཡོད་པའི་མངའ་ཁུལ་དེའི་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲག་གནོན་གྱི་ལོ་རྒྱུས་དེ་བསྐྱར་བཟློས་མི་ཡོང་བ་བྱེད་དགོས་པའི་དགོས་འདུན་བཏོན་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྦིལ་ཌེ་ལ་ཧནཊ་དང་ཌེ་ན་རོཧ་ར་སྦེ་ཁར་རྣམ་གཉིས་ཀྱི་མཚན་ཐོག་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལིན་ཊན་ལ་ཡོངས་ཁྱབ་ཀྱི་ཕྱག་བྲིས་ཤིག་ཕུལ་ཡོད་པ་དེའི་ནང་རྒྱ་ནག་གི་འགོ་འཁྲིད་ཚོར་བཀག་འགོག་གང་ཡང་མེད་པའི་ཐོག་ནས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ལྟ་བུ་སླར་ཡང་ལག་བསྟར་བྱེད་བཅུག་ན་འགྲིག་གི་མ་རེད་ཅེས་དང་ད་ལྟའི་དུས་ཚོད་འདི་ནི་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་མནར་གཅོད་འོག་དཀའ་སྡུག་མྱོང་མཁན་ཡུ་གུར་མི་རིགས་ཚོའི་རྒྱབ་ཏུ་ལངས་རྒྱུའི་དུས་ཚོད་ཞིག་ཡིན་པ་ལས་ང་ཚོས་བཟོ་གྲྭའི་ལས་མི་དང་སློབ་ཕྲུག་གི་ཐོག་མེ་མདའ་རྒྱབ་མཁན་གྱི་གཞུང་ཞིག་གི་མཉམ་དུ་གནས་ཚུལ་གང་ཡང་མ་བྱུང་བ་ལྟ་བུ་རྒྱུན་ལྡན་གྱི་རྣམ་པའི་ཐོག་ནས་འབྲེལ་ལམ་བྱེད་ཐུབ་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག
གྲོས་ཚོགས་ཀྱི་འཐུས་མི་ཌེ་ལ་ཧནཊ་ནི་མང་གཙོ་ཚོགས་པའི་འཐུས་མི་ཞིག་ཡིན་ཞིང་ཁོང་ནི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཚོགས་མི་ཞིག་ཡིན་པ་དང་ཡང་སྐུ་ཞབས་རོཧ་ར་སྦེ་ཁར་ནི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་ཞིང་ཁོང་ནི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་སྒྲིག་འཛུག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་སོགས་ཀྱི་གནད་ཡོད་ཀྱི་ཚོགས་མི་ཞིག་ཡིན་པ་རེད།
གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱིས་སྤྱིར་བསྒྲགས་མདོར་བསྡུས་ཞིག་སྤེལ་ཡོད་པ་དེའི་ནང་ཨ་མི་རི་ཀའི་གཞུང་གིས་ཨུ་རུམ་ཆིའི་ནང་མི་ཤི་རྐྱེན་ཆགས་ཀྱི་གནས་ཚུལ་བྱུང་བཞིན་པར་ཐུགས་འཚབ་ཆེན་པོ་ཡོད་པ་དང་ཚང་མས་བཟོད་སྲན་བྱ་དགོས་པའི་བསྐུལ་མ་གནང་ཡོད་པ་རེད།
བཙན་བྱོལ་དུ་ཡོད་པའི་ཡུ་གུར་གྱི་ཚོགས་པ་ཁག་གིས་གཟའ་ཉི་མའི་ཉིན་གྱི་དྲག་ཟིང་གི་གནས་ཚུལ་བྱུང་བ་དེ་ནི་གཙོ་བོ་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་གང་བྱུང་གིས་མེ་མདའ་རྒྱབ་པ་དེའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།