ཨ་རིའི་གྲོས་ཚོཊའཐུས་མི་ཁག་གི་པ་ཀིས་ཐན་ལ་སྐྱོན་བརྗོད།
2011.05.06
༄༅༎ཨོ་ས་མ་སྦིན་ལ་ལྡན་ཨ་རིའི་དམག་དཔུང་གིས་པ་ཀི་སི་ཐན་གྱི་ས་ཁོངས་ནང་དམར་བསད་བཏང་ཐུབ་པའི་རྗེས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཨ་རི་གཞུང་གིས་པ་ཀི་སི་ཐན་ལ་གནང་བཞིན་པའི་རོགས་དངུལ་ཕྱིར་འཐེན་བྱ་དགོས་པའི་བཀའ་མོལ་གནང་བཞིན་ཡོད་པ་དང་། གྲོས་ཚོགས་འཐུས་མི་དེ་དག་གིས་གསུངས་ན། ཨ་རི་གཞུང་གིས་པ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་མང་པོའི་རོགས་དངུལ་མང་པོ་སྤྲད་ནས། ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་ཞིག་ཏུ་རྩིས་ཀྱི་ཡོད་ན་ཡང་། སྦིན་ལ་ལྡན་པ་ཀི་སི་ཐན་ནང་ཞི་བདེ་ངང་ལོ་མང་གནས་ཡོད་པར་བརྟེན། ཨ་རི་གཞུང་གིས་པ་ཀི་སི་ཐན་ལ་རོགས་རམ་འཕོན་ཆེ་གནང་བཞིན་པ་རྣམས་ད་ནས་ཕྱིར་འཐེན་གནང་དགོས་པའི་བསམ་ཚུལ་བཏོན་བཞིན་ཡོད་པ་རེད།
ཡིན་ནའང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་སྦོ་ནར་ཡིས། ཨ་རི་དང་པ་ཀི་སི་ཐན་དབར་མུ་མཐུད་ནས་འབྲེལ་ལམ་བཟང་དུ་གཏོང་དགོས་ཀྱི་ཡོད་པ་ལས། ཨ་རིའི་རོགས་དངུལ་ཕྱིར་འཐེན་བྱ་རྒྱུའི་དུས་ལ་སླེབས་མེད་པའི་སྐོར་གསལ་སྟོན་གནང་འདུག ཨ་རི་གཞུང་གིས་ཨ་རིའི་ནང་དགུ་བཅུ་གཅིག་གི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བཟུང་། ཨ་རི་གཞུང་གིས་པ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་༡༨ཙམ་གྱི་རོགས་དངུལ་གནང་ཡོད་པ་དང་། པ་ཀི་སི་ཐན་གྱིས་ རོགས་དངུལ་ལེན་པ་ནས་བཟུང་། ཨབ་ག་ན་སི་ཐན་གྱི་ཐ་ལ་བན་གཞུང་དང་འབྲེལ་ལམ་ཡོངས་སུ་མཚམས་འཇོག་གིས། ཨ་རི་དང་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
ཡིན་ནའང་ད་རེས་སྦིན་ལ་ལྡན་པ་ཀི་སི་ཐན་ནང་གནས་སྡོད་བྱས་པའི་གནས་ཚུལ་དེའི་ཐོག་ནས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས། པ་ཀི་སི་ཐན་གཞུང་གིས་སྦིན་ལ་ལྡན་སྲུང་སྐྱོབ་བྱས་ཡོད་པའི་དོགས་གཞི་བྱས་ནས། པ་ཀི་སི་ཐན་ལ་ཨ་རིས་རོགས་དངུལ་གནང་རྒྱུ་མཚམས་འཇོག་དགོས་པའི་བསམ་ཚུལ་བཏོན་བཞིན་ཡོད་པ་རེད༎