ཨ་རིའི་གྲོས་ཚོགས་འཐུས་མིས་ཨ་རིའི་སྲིད་འཛིན་ལ་འབོད་སྐུལ།
2009.11.24
༄༅༎ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་ཅན་ཁག་ཅིག་གིས། ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ནས་རྒྱ་ནག་གཞུང་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ནན་ཙམ་གསུང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
ཉེ་ཆར་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ་རྒྱལ་ས་པེ་ཅིང་ནང་གི་འཚམས་འདྲི་གྲུབ་ཏེ་རེས་གཟའ་ལྷག་པའི་ཕྱི་དྲོ་ལྷོ་ཀོ་རི་ཡར་ཕེབས་ཐོན་མ་གནང་གོང་དེར། རྒྱ་མི་རིགས་དམངས་གཙོ་དོན་གཉེར་ཅན་ཁག་ཅིག་གིས་པེ་ཅིང་ནང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཀྱི་ཉེ་འགྲམ་དུ་འདུ་འཛོམས་ཀྱིས་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་ཅིག་ཡོང་ཐབས་འབད་བརྩོན་བྱས་ཡོད་ཀྱང། དེར་འཛོམས་པའི་མི་མང་ཆེ་བ་རེ་བ་མེད་པའི་མཐོང་སྟེ་རང་གནས་སུ་ཕྱིར་ལོག་བྱས་ཡོད་ཀྱང་ཅཱང་ཐན་དབྱོང་གིས་མུ་མཐུད་རེ་བ་བྱས་ཏེ་བསྡད་པའི་སྐབས་དྲག་ཆས་མ་སྤྲས་པའི་ཉེན་རྟོགས་པ་ཡོང་སྟེ་ཁྱུག་ཙམ་རིང་འདྲི་རྩད་ཆེད་དུ་དོ་དམ་བཀག་ཉར་བྱས་ཏེ་གློད་བཀྲོལ་བཏང་ཡོད་ཀྱང། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མིཐ་དང་ཕེ་རེང་ལྦུལྥ་རྣམ་གཉིས་ཀྱིས་རེས་གཟའ་ཟླ་བའི་ཉིན་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་གྱི་གྲོས་ཚོགས་ནང་གསར་འགོད་ལྷན་ཚོགས་ཐོག་ལ། ད་རེས་གཟའ་མཇུག་ནས་རྒྱ་ནག་གཞུང་གིས་ཉེན་རྟོག་པ་ཅཱང་ཐང་དབྱོང་སྡོད་ཁྱིམ་དུ་བལྟ་རྟོགས་སུ་ཆེད་བཙུགས་བྱས་ཡོད་པར་བརྟེན་གལ་ཏེ་ཁོང་གི་གནས་སྟངས་སྐོར་ལ་ཞུ་གཏུགས་བྱེད་མཁན་མ་བྱུང་ཡིན་ཚེ་རྒྱ་ནག་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཡོད་པའི སྐོར་གསུངས་ཡོད་པ་རེད། དེར་བརྟེན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཁོང་གཉིས་དང་རྒྱ་མི་རིགས་དམངས་གཙོ་དོན་གཉེར་ཅན་ཚོས། ཉེ་ཆར་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་ལྷན་དུ་འཕྲིན་གཏོང་དྲ་རྒྱའི་ཐོག་རང་དབང་སྤྲོད་དགོས་པ་དང་དེ་མིན་གྱི་རང་དབང་སྐོར་ལ་བཀའ་མོལ་གསུང་ཡོད་ཀྱང་ད་དུང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཐོག་ལ་དེ་བས་བཀའ་མོལ་ཤུགས་ཆེ་ཙམ་གསུང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། གྲོས་ཚོགས་ཀྱི་འཐུས་མི་སྐུ་སི་མིཐ་ཡིས། ང་ཚོས་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ཁྱེད་ཀྱི་ཉེ་བའི་མཛའ་གྲོགས་དང་ཐབས་ཇུས་ཀྱི་འབྲེལ་ལམ་ཡོད་པའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ལ་ཅཱང་ཐང་དབྱོང་ལ་བསུན་བཙིར་དང་དམ་བསྒྲགས་ཀྱི་བྱ་སྤྱོད་མཚམས་འཇོག་ཡོང་བའི་བཀའ་མོལ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།