ཇིའུ་ཚོར་པེ་ཅིང་རྩེད་འགྲན་ནང་ཆ་ཤས་མ་ལེན་ཞེས་འབོད་སྐུལ་ཞུས་པ།
2008.04.30
༄༅༎ཨ་རིའི་ནང་ཡོད་པའི་ཇིའུ་ཆོས་རྒྱུད་ཀྱི་དབུ་ཁྲིད་ ༡༧༥ ཙམ་གྱིས་ས་རྟགས་བཀོད་པའི་ཐོུང་གི་སྤྱི་བསྒྲགས་ཤིག་ནང་ འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་ཇིའུའི་མི་མང་ཚོར་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་ཕིག་གི་རྩེད་འགྲན་ཆེན་མོའི་ནང་ ཆ་ཤས་ལེན་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་པ་རེད་ དེ་ཡང་སྤྱི་བསྒྲགས་དེའི་ནང་ཇིའུའི་ཆོས་དཔོན་ཚོས་ རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དྲག་གནོན་གཏོང་བཞིན་པའི་གནད་དོན་དང་ དེ་བཞིན་སུའུ་ཌའན་གཞུང་གིས་ཌའར་ཕྷུར་མི་མང་རྩ་བརླག་གཏོང་རྒྱུའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱེད་བཞིན་པའི་སྤྱོད་ཚུལ་དང་ རྒྱ་ནག་མི་མང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དང་ ཕྱོགས་མཚུངས་རྒྱ་ནག་གིས་ཨི་རན་དང་སི་རི་ཡ་ལ་གོ་མཚོན་མཁོ་སྤྲོད་དང་ གཞན་ཡང་པཱེ་ལེསི་ཀྲིན་ནང་ཧཱ་མའསེ་ཚོགས་ཁག་ལ་མཛའ་འབྲེལ་གྱི་གནད་དོན་བཅས་ལ་ངོ་རྒོལ་ཞུ་ཆེད་ ཨིསི་རེལ་སྲིད་གཞུང་དང་ཇིའུ་མི་རིགས་ཡོངས་ནས་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་ཕིག་གི་རྩེད་འགྲན་ནང་ཆ་ཤས་མ་ལེན་པར་ངོ་རྒོལ་བྱ་དགོས་ཞེས་
བཀོད་ཡོད་པ་རེད་ ཇིའུ་མི་རིགས་དེ་དེ་སྔ་ཧིཊི་ལཱར་གྱི་མངའ་འོག་འཇར་མི་ནི་ ན་ཙིའི་སྲིད་གཞུང་གིས་དྲག་གནོན་འོག་མི་སྤྱོད་ལས་འདས་པའི་
དྲག་གནོན་མྱོང་ཡོད་པས་ ཇིའུ་ཆོས་རྒྱུད་ཀྱི་དབུ་ཁྲིད་ཚོས་ རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་གི་རྩེད་འགྲན་དེ་ཆབ་སྲིད་ཀྱི་དྲིལ་བསྒྲགས་སུ་བེད་སྤྱོད་བྱེད་སྟངས་དེ་ དེ་སྔ་ཧིཊི་ལཱར་གྱིས་འཇར་མ་ནི་ནང་འཚུགས་པའི་ཨོ་ལིམ་ཕིག་དེ་ཆབ་སྲིད་ཀྱི་ལག་ཆར་བྱེད་སྤྱོད་བྱས་པ་དང་གཅིག་མཚུངས་ཤིག་བྱེད་ཀྱི་ཡོད་པའི་ངང་ཚུལ་
ཡོང་གི་ཡོད་པའི་སྐོར་ཡང་གསུངས་ཡོད་པ་རེད་