ཐའེ་ལྦན་ལ་ཨ་རིའི་གནམ་གྲུ་ཚོང་འགྲེམས་བྱ་རྒྱུའི་བཀའ་འཁྲོལ།

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་ཐའེ་ལྦན་ལ་ཐད་ཕུར་གནམ་གྲུ་གསར་པ་ཚོང་བསྒྱུར་བྱ་རྒྱུའི་ཆོག་མཆན་སྤྲད་གནང་བ།

༄༅༎ལོ་འདིའི་ཕྱི་ཟླ་དགུ་པའི་ནང་། ཨ་རིའི་སྲིད་གཞུང་ནས་ཐའེ་ལྦན་གྱི་གོ་མཚོན་ཡར་རྒྱས་གཏང་རྒྱུར་དམིགས་ནས་དྲོ་ལར་ཐེར་འབུམ་དྲུག་མ་ཟིན་ཙམ་གྱི་གནམ་དམག་གནམ་གྲུ་ཚོང་བསྒྱུར་བྱེད་རྒྱུའི་གྲོས་ཚོགས་ལ་ཆོག་མཆན་ཞུས་ཡོད་པ་ལྟར། གྲོས་ཚོགས་ནང་བགྲོ་གླེང་དང་སྦྲགས་རེས་གཟའ་ཕུར་བུའི་ཉིན་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་ཐའེ་ལྦན་ལ་གོང་ཞུས་ཐད་ཕུར་གནམ་གྲུ་གསར་པ་ཚོང་བསྒྱུར་བྱ་རྒྱུའི་ཆོག་མཆན་སྤྲད་གནང་ཡོད་འདུག
ཡང་གོང་ཞུས་ཚོགས་ཆུང་ནས་ཨ་རིའི་ཐོག་ནས་ཐའེ་ལྦན་གྱི་གཞུང་འབྲེལ་གནད་ཡོད་མི་སྣ་རྣམས་ཨ་རིའི་འགྲུལ་ཞུད་སྐབས་ཐོངས་མཆན་ལྦི་ས་སྤྲོད་ཕྱོགས་གུ་ཡངས་སུ་གཏོང་རྒྱུ་སོགས་ཀྱི་ཐོག་ལའང་ཆོག་མཆན་སྤྲད་ཡོད་པ་རེད།
ཚོགས་ཆུང་དེའི་གནད་ཡོད་ཚོགས་མི་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཧ་ལྦདྲ་སྦར་མན་ནས། ཨ་རིའི་ངོས་ནས་མང་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཞིག་ཨ་རིའི་ནང་ཕེབས་རྒྱུར་ཕེབས་མ་ཆོག་པ་དང་། ཡང་ན་ཕེབས་ལམ་ཞོར་དུ་བབས་ཚུགས་གནང་རྒྱུར་ཡང་འགོག་རྐྱེན་སྤྲོད་དགོས་དོན་གང་ཡང་མཐོང་གི་མི་འདུག་ཅེས་གསུངས་ནས་དཔོན་རིགས་རྣམས་ཨ་རིར་ཕེབས་རྒྱུར་གུ་ཡངས་སུ་གཏོང་རྒྱུའི་གྲོས་མཐུན་ཡང་བྱུང་ཡོད་པ་རེད། འོན་ཀྱང་གནམ་གྲུ་ཚོང་བསྒྱུར་བྱེད་རྒྱུའི་གོང་ཞུས་གྲོས་ཆོད་དེ་བཞིན་གྲོས་ཚོགས་འོག་མ་ནས་ལམ་ལྷོང་ལྡན་པའི་ཐོག་ནས་ཆོག་མཆན་ཐོབ་ཡོད་ཀྱང་གྲོས་ཚོགས་གོང་མའི་ནང་། ག་འདྲ་ཡོང་གི་ཡོད་མེད་ད་ལྟའི་ཆར་གསལ་པོ་ཤེས་རྟོག་ཐུབ་རྒྱུ་ཁག་པོ་ཡིན་པའི་སྐོར་ཡང་བཀོད་འདུག།