དྲ་རྒྱའི་རང་དབང་ལ་བརྩི་བཀུར་ཞུ་གལ་ཨ་རིས་ནན་བརྗོད།
2010.01.14
༄༅༎Googleཞེས་པའི་ཨ་རིའི་ཨིན་ཏར་ནེཏ་དྲ་རྒྱའི་ཚོང་དོན་ལས་ཁང་དང་རྒྱ་ནག་གཞུང་དབར་དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་ཀྱི་རང་དབང་ལ་བཏང་འཛིན་བྱ་ཕྱོགས་ཀྱི་རྩོད་གླེང་ནང་ཨ་རི་གཞུང་གིས་དྲ་རྒྱའི་རང་དབང་ལ་བརྩི་བཀུར་ཞུ་རྒྱུ་གལ་འགངས་ཤིན་ཏུ་ཆེ་བའི་སྐོར་ནན་བརྗོད་གནང་པའི་ཐོག་Google་ཁེ་ལས་ཀྱི་བཞེངས་ཕྱོགས་ལ་རྒྱབ་བསྐྱོར་གནང་གི་ཡོད་པའི་སྐོར་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་གསུངས་ཡོད་པ་རེད་༎
Googleཞེས་པའི་གནས་ཚུལ་འཚོལ་གྲུབ་ཀྱི་དྲ་རྒྱ་དེ་བཞིན་འཛམ་གླིང་ཐོག་གནས་ཚུལ་འཚོལ་ཞིབ་ཀྱི་དྲ་རྒྱ་ཡོངས་གྲགས་ཆེ་ཤོས་ཡིན་པ་རེད་ རྒྱ་ནག་གཞུང་གིས་རྒྱ་ནག་ནང་དྲ་རྒྱའི་རང་དབང་ལ་བཏང་འཛིན་དང་ལྷག་པར་དུ་ཁྲིམས་འགལ་གྱི་ཐོག་ནས་Googleདྲ་རྒྱའི་ནང་སིམ་འཛུལ་བྱས་པ་བརྒྱུད་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཁག་གི་emailའམ་གློག་འཕྲིན་ཁ་བྱང་མཁོ་སྒྲུབ་བྱས་པའི་གནད་དོན་ལ་རྐྱེན་པས་Googleཁེ་ལས་ཀྱིས་རྒྱ་ནག་ནང་ཚོང་ལས་ཕྱིར་འཐེན་བྱ་ངེས་ཆེ་བའི་སྐོར་གསུང་ཡོད་པ་རེད་ ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་ དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལ་སོགས་པས་Googleཁེ་ལས་ནས་དྲ་རྒྱའི་རང་དབང་གི་དོན་དུ་རྒྱ་ནག་ནས་ཚོང་ལས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་བར་བསྔགས་བརྗོད་ཞུས་ཡོད་པ་མ་ཟད་ཁ་ས་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་རོ་སྦ་ཏེ་གིབ་སི་གིས་ཀྱང་ཨ་རིའི་སྲིད་འཛིན་མཆོག་ནས་དྲ་རྒྱའི་རང་དབང་གི་ཐོབ་ཐང་ལ་རྒྱབ་སྐྱོར་ཆ་ཚང་ཞུ་གི་ཡོད་པ་དང་གནད་དོན་འདིའི་ཐོག་Googleཁེ་ལས་ཀྱི་སྐུ་ཚབ་ལྷན་དུ་མཇལ་འཕྲད་བཀའ་བསྡུར་ཡང་གནང་ཡོད་པའི་སྐོར་གསུངས་ཡོད་པ་རེད་ སྲིད་འཛིན་གྱི་མགྲིན་ཚབ་པས་གསུང་ན་སྲིད་འཛིན་མཆོག་ནས་སྔ་ལོ་རྒྱ་ནག་ཏུ་ཕེབས་སྐབས་དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་བཀག་སྡོམ་གྱི་བྱ་སྤྱོད་ལ་ངོ་རྒོལ་དང་དྲ་རྒྱའི་རང་དབང་ཡོངས་སུ་དགོས་གལ་སྐོར་ནན་བཏན་གསུང་བཤད་གནང་སྐོར་དང་དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྩམ་སྐུ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་ཀྱང་རྒྱ་ནག་ནས་Googleདྲ་རྒྱའི་ནང་སིམ་འཛུལ་བྱས་པའི་གནད་དོན་ཐོག་རྒྱ་ནག་གཞུང་གི་གསལ་བཤད་དགོས་པའི་ནན་སྐུལ་ཡང་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག་༎