༄༅༎རྒྱ་ནག་གཞུང་གིས་ཡུལ་དེའི་ནང་བཟོ་བསྐྲུན་བྱས་པའི་དངོས་ཟོག་ཕོན་ཆེ་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཚོང་ཐུབ་པའི་ལས་དོན་སྤེལ་བཞིན་ཡོད་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་འཛོལ་ཕྱིན་པ་ཞིག་ཡིན་ལུགས་ཨ་རི་གཞུང་གིས་སྐྱོན་བརྗོད་དང་འབྲེལ་གནད་དོན་འདིའི་ཐད་ཐག་གཅོད་ཅིག་ཡོང་སླད་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཞུ་གཏུགས་གནང་འགོ་བཙུགས་ཡོད་འདུག
དེ་ཡང་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་གནས་སྟངས་འོག་ཡུལ་གྲུ་སོ་སོའི་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ཁག་ཏུ་ཕྱིན་ཡོད་པ་ལྟར་རྒྱ་ནག་ནས་ཐོན་པའི་རས་ཆས་དང་འཁྱགས་སྒམ།ཆང་རག་དེ་བཞིན་ཟ་ཆའི་རིགས་བཅས་པ་ཕྱིར་ཚོང་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་འགལ་བའི་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཡུལ་དེའི་བཟོ་གྲྭ་ཁག་གི་ཐོན་བསྐྱེད་རྣམས་ཡུལ་གྲུ་གཞན་ལ་ཕྱིར་ཚོང་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་པའི་དེའི་རྒྱུད་ནས་ཨ་རིའི་བཟོ་བསྐྲུན་ལས་དོན་དང་བསོད་ནམ་ཞིང་ལས།ཆེད་ལས་དང་འབྲེལ་བའི་ལས་དོན་བཅས་པར་ཚབས་ཆེའི་གནོད་སྐྱོན་ཕོག་གཞི་ཞིག་ཆགས་ཀྱི་ཡོད་སྟབས་གནད་དོན་འདིའི་ཐད་ཞིབ་རྩད་ཀྱིས་ཐག་གཅོད་ཡོང་སླད་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད་པ་མ་ཟད་ཨ་རིའི་ཕྱོགས་ནས་ཐབས་ཤེས་ཡོངས་རྫོགས་བེད་སྤྱོད་བྱེད་པའི་ཐོག་ནས་ཁྲིམས་མཐུན་མིན་པའི་རྒྱ་ནག་གཞུང་གི་བྱ་ཐབས་དེ་དག་འཐེར་སྟོན་ཡོང་བའི་འབད་བརྩོན་གནང་གི་ཡིན་ཞེས་ཨ་རི་གཞུང་གི་ཚོང་དོན་སྐུ་ཚབ་སུའུ་ཛེན་ཤ་ལྦབ་ཡིས་འདི་ཚེས་བཅུ་དགུ་ཉིན་གསལ་བསྒྲགས་གནང་འདུག