རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་ལ་ཨ་རིས་སྐྱོན་བརྗོད།

རྒྱ་ནག་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་ཚབས་ཆེ་བཏང་བའི་བྱ་སྤྱོད་སོགས་ལ་ཨ་རིས་སྐྱོན་བརྗོད་ཤུགས་ཆེ་བྱས་པ།

༄༅༎རྒྱ་ནག་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་ཚབས་ཆེ་བཏང་བའི་བྱ་སྤྱོད་སོགས་ལ་ཨ་རི་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཉིས་སྟོད་བརྒྱད་ལོར་རྒྱལ་སྤྱིའི་ཡུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། སྙན་ཐོ་དེའི་ནང་ཨེ་ཤེ་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཨཕ་རི་ཀ་དང་ཤར་ཡོ་རོབ་ཀྱི་ཡུལ་ཁག་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་སོང་མེད་པ་དང་དམིགས་ཀར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ལ་ཡར་རྒྱས་འགྲོ་རྒྱུའི་ཚབ་ད་དུང་བོད་དང་ཤར་ཏུར་ཀི་སི་ཏན་སོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད་པའི་གནས་ཚུལ་ཟུར་འདོན་བྱས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོར་གཞིགས་ན་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་གི་བྱེ་སྒོ་ཁག་ལ་ཚབས་ཆེན་གྱི་དམ་བསྒྲགས་དང་དྲག་གནོན་བྱས་པར་སྐྱོན་བརྗོད་དང་ད་ལྟའང་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་སྨྲ་བརྗོད་ཀྱི་རང་དབང་དང་འདུ་འཛོམས་ཀྱི་རང་དབང༌།འགྲིམ་འགྲུལ་གྱི་རང་དབང་སོགས་ལ་ཚད་བཀག་བྱེད་བཞིན་ཡོད་པ་མ་ཟད་བཙོན་པ་ཚོར་ལུགས་མཐུན་གྱི་ཁྲིམ་གཅོད་གང་ཡང་མེད་པར་འདྲི་རྩད་ཚ་ནན་དང་མནར་གཅོད་དེ་བཞིན་བཙོན་ཁང་ནང་ལྐོག་བསད་བཏང་བ་སོགས་ཀྱི་བྱ་སྤྱོད་གསལ་འདོན་གནང་ཡོད་པ་རེད། ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་འཁོད་པར་གཞིགས་ན་རྒྱ་ནག་སྤྱི་དང་བོད་ལ་སོགས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་བཏང་བའི་བྱ་སྤྱོད་ཡོངས་ཁྱབ་ཡིན་མུས་ཁར་སྔ་ལོ་བོད་ས་ཡོངས་རྫོགས་སུ་བོད་མི་ཚོས་ཞི་རྒོལ་རྒྱབ་ཁྱབ་བྱུང་བའི་དུས་སྐབས་དང་དེ་བཞིན་པེ་ཅིང་ཨོ་ལིམ་པིག་འགྲན་རྩོད་ལ་སོགས་པའི་གནད་འགག་གི་དུས་ཚོད་སྐབས་སུ་རྒྱ་ནག་གཞུང་གིས་དྲག་གནོན་དང་དམ་བསྒྲགས་དེ་བས་ཚབས་ཆེན་བྱུང་ཡོད་པའི་གནས་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།