ཨ་རིའི་གྲོས་ཚོགས་ནས་བོད་མི་ལ་རྒྱབ་སྐྱོར་གནང་བ།

ཨ་རིའི་གྲོས་ཚོགས་ནས་བོད་མིའི་རིག་གཞུང་གཅེས་འཛིན་དང་སློབ་གསོའི་ལས་འཆར་ཁག་གི་ཐོག་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུ།

2009.07.13

༄༅༎ཨ་རིའི་གྲོས་ཚོགས་ནས་བོད་མིའི་རིག་གཞུང་གཅེས་འཛིན་དང་སློབ་གསོའི་ལས་འཆར་ཁག་གི་ཐོག་འགྲོ་གྲོན་གཏོང་དམིགས་སུ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུའི་གྲོས་ཆོད་བཞག་གནང་ཡོད་འདུག

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གནས་ཚུལ་སྤྱི་བསྒྲགས་སྤེལ་བར་ལྟར་ན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་སྲུང་སྐྱོབ་སླད་ཨ་རིའི་གཞུང་ནས་ལོ་མང་རིང་མཐུན་འགྱུར་སྦྱོར་སྤྲོད་གནང་གི་ཡོད་པ་དེ་དག་མུ་མཐུད་ནས་ཡོང་ཐབས་སུ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནས་གྲོས་འཆར་བཏོན་པ་དང་དེ་ནས་རིམ་པས་གྲོས་ཚོགས་འོག་མའི་ནང་འདི་ཚེས་དགུ་ཉིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་མང་མོས་ཐག་ཆོད་ཀྱི་གྲོས་ཆོད་བཞག་ཐུབ་པ་བྱུང་བ་དང་དེ་དང་ཕྱོགས་མཚུངས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་འབྲེལ་ཡོད་ཚོགས་ཆུང་ནས་ཀྱང་ཉིན་མོ་དེར་མོས་མཐུན་གནང་ཡོད་འདུག་ལ་རིང་མིན་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནས་འདིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། གོང་དུ་ཞུས་པའི་གྲོས་ཆོད་དེ་ནི་དེ་སྔ་ཕྱི་ལོ་ཉིས་སྟོང་གཉིས་ལོར་ཨ་རིའི་གཞུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་གཞི་དེའི་མཇུག་སྐྱོང་དང་གོང་མཐོར་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་དེའི་དོན་ཚན་གཙོ་བོའི་ཁོངས་སུ་རྒྱ་ནག་གཞུང་ནས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཤིག་བཙུགས་ཐབས་དང་གལ་སྲིད་དེ་ལྟར་གནས་སྐབས་སྟབས་མ་འགྲིགས་ཚེ་པེ་ཅིང་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ནང་བོད་ཀྱི་གནད་དོན་ཐོག་རྟོག་ཞིབ་དང་མཐུན་འགྱུར་བྱེད་མཁན་ཞིག་ཆེད་ཚན་པ་ཞིག་འཛུགས་རྒྱུ་བོད་ཀྱི་ས་ཁུལ་ནང་ཡུན་གནས་ཐུབ་པའི་ཡར་རྒྱས་དང་རིག་གཞུང་གཅེས་འཛིན་གྱི་ལས་གཞི་ཁག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་བདུན་ལྷག་ཙམ་འཆར་རྩིས།སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོའི་འཚོ་བའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་གཉིས།རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁག་ནང་སློབ་གསོའི་ལས་དོན་དང་རང་བྱུང་སོ་ནམ་འདེབས་ལས་མཚོན་པས་འཛུགས་སྐྲུན་ལས་འཆར་ཁག་ཅིག་ཐོག་ས་ཡ་གཉིས་དང་ཕྱེད་ཀ་ཙམ་དང་དེ་དང་ཕྱོགས་མཚུངས་ཨ་རིའི་ནང་ཆེ་མཐོའི་སློབ་སྦྱོང་དུ་སློབ་ཡོན་རོགས་རམ་བཅས་ཀྱི་ཐོག་འགྲོ་གྲོན་གཏོང་དམིགས་སུ་རོགས་རམ་གནང་ཡོད་པ་རེད། ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དམིགས་བསལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་ཆེད་དམིགས་ནས་སྔོན་རྩིས་བཅས་གང་ལྟར་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་སླད་འགྲོ་གྲོན་གཏོང་དམིགས་སུ་མཐུན་འགྱུར་གནང་བ་དེ་ནི་གྲོས་ཚོགས་ནས་བོད་མི་ཚོས་རང་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་བཞིན་པའི་གནད་དོན་ལ་ཡིད་ཆེས་ཀྱིས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་ཀྲོདྲ་སེ་ཀྲེན་ནས་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་འདུག

ཡང་ད་རེས་གྲོས་ཚོགས་ཀྱི་ཨ་རིའི་ཕྱི་སྲིད་ལས་དོན་ཐོག་འགྲོ་གྲོན་སྔོན་རྩིས་ནང་ཨ་རིའི་རྒྱང་སྲིང་རླུང་འཕྲིན་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་སྔོན་རྩིས་ཆ་ཚང་ཆོག་མཆན་སྤྲད་གནང་ཡོད་པ་རེད། གོང་ཞུས་གྲོས་ཆོད་དེ་བཞིན་རིམ་པས་གྲོས་ཚོགས་གོང་མའི་ནང་ཐག་ཆོད་བྱུང་མཚམས་སུ་ཨ་རིའི་སྲིད་འཛིན་ནས་མཐའ་མའི་ཆོག་མཆན་གནང་དགོས་ཀྱི་ཡོད་པ་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎