ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས་པའི་འབོད་སྐུལ།
2010.10.12
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་དབང་ཁག་ཅིག་གིས་རྒྱ་ནག་གཞུང་ལ་འདི་ལོའི་འཛམ་གླིང་ཞི་བདེའི་བྱ་དགའ་ཐོབ་པའི་སྐུ་ཞབས་ལིའུ་ཤའོ་ཕུའུ་འཕྲལ་དུ་བཙོན་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་ཞིག་བཏོན་ཡོད་འདུག
དེ་ཡང་རྒྱལ་ཚོགས་ཀྱི་སྨྲ་བརྗོད་དང་བསམ་བློའི་རང་དབང་ཚོགས་ཆུང་གི་འགན་འཛིན་ཕེ་རེང་ལ་རུའུ་རྒྱལ་ཚོགས་ཀྱི་བཙོན་པ་བཀག་སྲུང་ཁྲིམས་མཐུན་མིན་པའི་གནད་དོན་རྟོག་ཞིབ་ཚན་པའི་འགན་འཛིན་ཨེལ་ཧརྡ་ཇི་མ་ལིཀ་སོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོའི་གནད་དོན་འགན་འཁུར་ཚན་པའི་དམིགས་བསལ་འགན་འཁུར་བ་མར་ག་རེཏ་སེ་ཀག་ག་ཡ་དང་ རྒྱལ་ཚོགས་ཀྱི་ཁྲིམས་དཔོན་དང་ཁྲིམས་རྩོད་པའི་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་གེབ་རི་ཡ་ལ་ནོལ་བཅས་ཆེས་མཐོའི་མི་སྣ་བཞིས་ཁ་ས་གསར་འགོད་གསལ་བསྒྲགས་ཤིག་བརྒྱུད་རྒྱ་ནག་གཞུང་ལ་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཕུལ་བའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕུའུ་འཕྲལ་དུ་བཙོན་བཀྲོལ་གཏོང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་
རྒྱ་ནག་གཞུང་གིས་དགུང་ལོ་༥༤་ཕེབས་པའི་སྐུ་ཞབས་ལིའུ་ཤའོ་ཕུའུས་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་བཙུགས་འོག་ལོ་ངོ་བཅིུག་གི་བཙོན་བཅུག་ཁྲིམས་ཆད་བཏང་སྟེ་ཡོད་པ་དང་ དེ་ནི་གཙོ་བོ་ཁོང་གིས་༢༠༠༨ལོར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་གི་ལྷན་་༢༠༠༨་གྱི་དམངས་གཙོའི་རྩ་འཛིན་ཞེས་པའི་རྒྱ་ནག་གི་ཆབ་སྲིད་དབང་འཛིན་དམངས་གཙོར་བསྒྱུར་དགོས་པའི་དམངས་གཙོའི་བསྒྲགས་གཏམ་དེ་སྤེལ་བར་བཙོན་བཅུག་བྱས་ཡོད་པ་རེད་ དེ་ཡང་ད་རེས་ནོ་བེལ་ཞི་བདེའི་བྱ་དགའ་ཚོགས་ཆུང་གིས་ལིའུ་ཤའོ་ཕུའུའི་མཛད་རྗེས་ལ་ངོས་འཛིན་གྱིས་འདི་ལོའི་ཞི་བདེའི་བྱ་དགའ་དེ་ཁོང་ལ་གནང་བ་རྗེས་ད་ཆ་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ལ་ཁོང་བཙོན་བཀྲོལ་གཏོང་དགོས་པའི་གནོན་ཤུགས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་ རྒྱ་ནག་ནང་དུའང་ཁོང་བཙོན་བཀྲོལ་གཏོང་དགོས་པའི་ རེ་འདུན་བཏོན་མཁན་ཡོང་གི་ཡོད་པ་དང་ དེ་ཡང་གནམ་བདེ་སྒོ་མོའི་ཨ་མ་ཞེས་དེ་སྔ་༨༩འི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་ཚེ་སྲོག་ཤོར་བའི་ནང་མི་སྤུན་མཆེད་ཚོས་རྒྱ་ནག་གཞུང་ལ་ཡོངས་བསྒྲགས་ཀྱི་རེ་སྐུལ་སྙན་ཞུ་ཞིག་ནང་དུའང་ལིའུ་ཤའོ་ཕུའུ་འཕྲལ་དུ་བཙོན་བཀྲོལ་གཏོང་དགོས་པས་སྐུལ་མ་ཤུགས་ཆེ་ཞིག་གནང་ཡོད་པ་དང་ ཕྱོགས་མཚུངས་ད་ལྟ་གནས་ཚུལ་ཐོན་བཞིན་པའི་ནང་ ཨོ་ས་ཀྲོ་ལི་ཡའི་གྲོས་ཚོགས་ནས་ཀྱང་གྲོས་ཚོགས་ནང་རྒྱ་ནག་གཞུང་ལ་སྐུ་ཞབས་ལིའུ་ཤའོ་ཕུའུ་བཙོན་བཀྲོལ་གཏོང་དགོས་པའི་གྲོས་ཆོད་ཅིག་འཇོག་འཆར་ཡོད་པའི་སྐོར་གནས་ཚུལ་ཐོན་བཞིན་ཡོད་པ་རེད་