སི་ར་ཡའི་གཞུང་གིས་ཁྲིམས་འགལ་བྱས་ཡོད་མེད་ཞིབ་འཇུག

སི་རི་ཡ་དམངས་གཙོར་བཅོས་བསྒྱུར་གཏོང་དགོས་པའི་ངོ་རྒོལ་བྱེད་མཁན་མི་དམངས་ཐོག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་ར་སྤྲོད་བྱ་དགོས།

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས། སི་རི་ཡ་རྒྱལ་ཁབ་དམངས་གཙོར་བཅོས་བསྒྱུར་གཏོང་དགོས་པའི་ངོ་རྒོལ་བྱེད་མཁན་མི་དམངས་ཐོག་གཞུང་གིས་དྲག་གནོན་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ར་སྤྲོད་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཐོག་འཐུས་མི་ཚོས་སི་རི་ཡའི་གཞུང་གིས་མི་དམངས་ཐོག་དྲག་གནོན་བྱེད་པའི་བྱ་སྤྱོད་ར་སྤྲོད་ཡོང་རྒྱུར་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་ཞིག་སི་རི་ཡ་དུ་གནས་སྟངས་རྩད་གཅོད་བྱེད་དུ་གཏོང་དགོས་མིན་ཐད་འོས་ཤོག་འཕེན་པའི་སྐབས། རྒྱབ་སྐྱོར་མ་གནང་མཁན་འཐུས་མི་བཞི་དང༌། ཚོགས་འདུར་མ་བཅར་མཁན་འཐུས་མི་དགུ་བྱུང་ཡོད་པ་ལས། དེ་འཕྲོས་ཀྱི་འཐུས་མི་༣༣ ཡིས་རྒྱབ་སྐྱོར་ཐོབ་སྟེ། མང་མོས་ཀྱི་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་པ་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་སི་རི་ཡ་དུ་བསྐྱོད་དེ། གཞུང་གིས་མི་དམངས་ཐོག་དྲག་གནོན་བྱེད་པའི་སྐབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགལ་འཛོལ་བྱས་ཡོད་མེད་ཞིབ་འཇུག་གིས་ར་སྤྲོད་ཐུབ་པ་བྱ་དགོས་པའི་བཀོད་ཁྱབ་བཏང་གནང་ཡོད་པ་རེད། ཞིབ་འཇུག་པ་ཚོས་གནས་ཚུལ་དངོས་ཡོད་འདྲི་རྩད་བྱ་རྒྱུ་དང། ཁྲིམས་འགལ་གྱི་བྱ་སྤྱོད་ཇི་ལྟར་བྱས་ཡོད་མེད་སོགས་འདྲི་ཞིབ་བྱས་ཏེ། སི་རི་ཡ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པ་ར་སྤྲོད་བྱུང་ན། སི་རི་ཡ་ཐོག་ཉེས་ཆད་གཏོང་རྒྱུའི་འཆར་གཞི་ཡིན་པ་རེད། རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་དབུ་འབྱེད་གནང་བའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་སྐུ་ཞབས་ནེ་ལྦི་པི་ལེ་ཞུ་བས། སི་རི་ཡའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་འགོ་ཚུཌ་པ་ནས་བཟུང་ད་བར་ཁྱོན་མི་གྲངས་ཉིས་སྟོང་ཉིས་བརྒྱ་བསད་ཡོད་པ་དང༌། རྒྱ་ནག་དང་ར་ཤི་ཡ། ཁིའུ་སྦ་གཞུང་གིས་སྣེ་ཁྲིད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡ་ཐོག་གྲོས་ཆོད་འཇོག་རྒྱུ་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང༌། དེ་ནི་ཆབ་སྲིད་ཡིན་པ་གསུང་ཡོད་པ་རེད།