འཛམ་གླིང་ནང་མི་ཐེར་འབུམ་གཅིག་ཙམ་བཀྲེས་སྐོམ་གྱི་དཀའ་ངལ།
2009.10.26
༄༅༎འཛམ་གླིང་ནང་ད་ཆ་མི་འབོར་ཐེར་འབུམ་གཙིག་ལྷག་ཙམ་བཀྲེས་སྐོམ་གྱི་དཀའ་ངལ་ནང་ལྷུངས་པའི་གནས་ཚུལ་ཐོན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་ལྷན་ཁང་གི་འགན་འཛིན་ཇོསེཊེ་ཤི་རན་གྱིས་གསུངས་པར་གཞིགས་ན་འཛམ་གླིང་ནང་དཔལ་འབྱོར་ཉམ་རྒུད་དང་འབྱུང་བའི་གོད་ཆགས་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་ད་ཆ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་ནང་བཟའ་འབྲུའི་རིན་གོང་འཕར་ནས་འདས་པའི་ལོ་གཉིས་ནང་བཀྲེས་སྐོམ་གྱི་དཀའ་ངལ་ནང་ལྷུངས་པའི་མི་འབོར་ས་ཡ་ཉིས་བརྒྱ་ཐམ་པ་འཕར་སྟེ་འཛམ་གླིང་ཁྱོན་ཡོངས་ཀྱི་བཀྲེས་སྐོམ་གྱི་དཀའ་ངལ་ནང་ལྷུངས་པའི་མི་འབོར་གྱི་གྲངས་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཙམ་ཆགས་ཡོད་ལུགས་གསུངས་གནང་འདུག དཔལ་འབྱོར་ཉམ་རྒུད་ལ་བརྟེན་སྤྱིར་སྟངས་རྒྱལ་སྤྱིའི་ཚོང་ཟོག་གི་རིན་གོང་ཆག་ཡོད་ཀྱང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོའི་ནང་ཟ་འབྲུ་ལ་སོགས་པ་དགོས་ངེས་ཀྱི་དངོས་ཟོག་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་རིན་གོང་འཕར་ནས་མདོར་བསྡུས་ན་ད་ཆ་འཛམ་གླིང་ནང་མི་དྲུག་ནས་གཅིག་ལ་ཟ་རྒྱུ་འཐུང་རྒྱུ་མེད་པར་ལུས་ཡོད་ལུགས་རྒྱལ་སྤྱིའི་བཟའ་འབྲུ་ལྷན་ཁང་གི་འགན་འཛིན་ཤི་རན་གྱིས་གསུངས་གནང་འདུག རེས་གཟའ་ཟླ་བའི་ཉིན་ཁོང་གིས་ཨོ་སེ་ཀྲོ་ལི་ཡའི་གཞུང་ནས་ཡུལ་དེའི་ཌོ་ལར་ས་ཡ་བརྒྱ་དང་བཞི་བཅུའི་རོགས་དངུལ་གྱི་ཆིངས་དོན་ལ་མཚན་རྟགས་བཀོད་གནང་འདུག དངུལ་འབོར་དེ་ནས་ཨོ་སེ་ཀྲོ་ལི་ཡའི་ཌོ་ལར་ས་ཡ་བཞི་བཅུ་ཐམ་པ་ལྷོ་ཤར་ཨེ་ཤེ་ཡ་དང་ཨཕ་རི་ཀ་ ལྷོ་ཨ་མི་རི་ ཀ་བཅས་སུ་བཟའ་འབྲུའི་རོགས་སྐྱོར་ཆེད་གཏོང་རྒྱུ་དང་དེ་བྱིངས་རྒྱལ་ཚོགས་ཀྱི་ཟ་འབྲུའི་དགོས་དངུལ་ནང་ཟུར་འཇོག་གནང་རྒྱུ་ཡིན་འདུག།