༄༅༎རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་འགན་འཁུར་ཆེན་པོ་བཞེས་མེད་པའི་སྐྱོན་བརྗོད་བྱས་པ་དེར། རེས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་གྱི་ལས་ཁུངས་ནས་སྐྱོན་བརྗོད་དེ་བདེན་པ་མིན་པའི་ལན་འདེབས་གནང་ཡོད་པ་རེད།
དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་བཏོན་གནང་བའི་ལོ་འཁོར་གྱི་སྙན་ཐོའི་ནང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་གཉིས་ཀྱིས་བློ་ཁོག་གིས་མི་འདེངས་པར་རྒྱ་ནག་སོགས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་རྒྱལ་ཁབ་དབར་ཕྱི་འབྲེལ་གྱི་འབྲེལ་ལམ་ཧ་ཅང་གི་བསྟུན་མཁས་དང་ཞི་འཇམ་པོ་འཛིན་དྲག་པའི་སྐྱོན་བརྗོད་གནང་ཡོད་ཅིང༌། ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་གྱི་ལས་ཁུངས་ནས། སྤྱི་ཁྱབ་དྲུང་ཆེ་མཆོག་གིས་རྒྱལ་ཁབ་རེ་རེ་ཡི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དམངས་ཁྲོད་དུ་གསུང་བཤད་གནང་བའི་སྐབས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་བ་མ་ཟད། ཐབས་ཇུས་ལྡན་པའི་ཐག་གཅོད་གནང་ཡོད་པ་ནན་བརྗོད་གནང་ཡོད་པ་རེད། དེའང་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཕཱ་རན་ཧཁ་ཡིས་གསུང་པར། སྤྱི་ཁྱབ་དྲུང་ཆེ་མཆོག་ལ་མི་དམངས་ཁྲོད་ནས་སྐྱོན་བརྗོད་ཀྱི་གནོན་ཤུགས་ཡོང་བཞིན་ཡོད་ཀྱང་ཁོང་རང་ཉིད་ཀྱི་ངོས་ནས་མི་དམངས་ཀྱི་གནོན་ཤུགས་དེ་ཡིས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་བྱུང་ཡོད་པར་ངོས་འཛིན་གནང་གི་ཡོད་ལུགས་དང༌། ན་ནིང་སྤྱི་ཁྱབ་དྲུང་ཆེ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་སྐབས་གཏམ་བཤད་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་ལ། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རེ་རེའི་ཐོག་ལ་ཐབས་ཇུས་ལྡན་པའི་ཐག་གཅོད་གནང་བའི་ནང་མང་ཆེ་བ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡོང་བ་དང༌། འགན་ལེན་སྐྲུན་ཐུབ་པའི་ནུས་པ་འདོན་སྤེལ་གནང་ཡོད། དེ་ལྟ་བུའི་ཡར་རྒྱས་ཀྱི་གྲུབ་འབྲས་དེ་དག་ནི་སྤྱིར་ཕྱི་འབྲེལ་གྱི་འབྲེལ་ལམ་གྱི་ཐབས་ཇུས་དང༌། ཡང་སྒོས་མི་དམངས་ཀྱི་གནོན་ཤུགས་གཉིས་ཀར་བརྟེན་ནས་བྱུང་བ་རེད་ཅེས་གསུང་ཡོད་པ་རེད།