༄༅༎ད་རེས་ཕྱི་ཟླ་བཞིའི་ཚེས་༣ནས་ཚེས་༨བར་ཐའེ་ལེནདྲ་གྱི་རྒྱལ་ས་སྦེང་ཀོག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དང་ ད་རེས་ཀྱི་ལྷན་ཚོགས་དེ་བཞིན་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ཚོགས་པའི་རྒྱལ་སྤྱིའ་ཁོར་ཡུག་ལྷན་ཚོགས་ཐོག་གི་གྲོས་ཆོད་ཁག་ཅིག་གི་ཐོག་མུ་མཐུད་ནས་གྲོས་བསྡུར་གནང་ཡོད་པ་དང་ ཡིན་ནའི་གཟའ་པ་སངས་བར་ད་དུང་ཡང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐོག་གྲོས་ཆོད་གསར་པ་གང་ཡང་བཏོན་ཐུབ་མེད་ཅིང་ ཡིན་ནའི་ལྷན་ཚོགས་དེའི་ཐོག་འཛམ་གླིང་ནང་དབུལ་ཕྱུག་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ་དང་ ལྷག་པར་དུ་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གིས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེའི་ཐོག་དགོས་ངེས་ཀྱི་འགོག་ཐབས་བྱ་སྤྱོད་སྤེལ་རྒྱུ་དེ་གལ་འགངས་ཆེན་པོར་རྩིས་ནས་བཏོན་ཡོད་ཅིང་ ཕ་རན་སིའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐོག་གི་སྐུ་ཚབས་ནས་གསུང་ན་ ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་དབུལ་ཕྱུག་དབར་གྱི་ཧེ་བག་དང་འཕེལ་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐོག་དོན་ཕན་གྱི་བྱ་སྤྱོད་སྤེལ་རྒྱུའི་ཐོག་ལ་གྲོས་མོལ་དུས་ཚོད་རིང་པོ་དེ་ཙམ་བྱ་སྲིད་པའི་ཚོད་དཔག་བྱས་མེད་པའི་སྐོར་གསུང་འདུག ད་རེས་ཀྱི་ལྷན་ཚོགས་དེ་བཞིན་གཙོ་བོ་ད་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་ཌར་སྦན་ནང་ལ་ཚོགས་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གནད་དོན་ཐོག་གི་ལོ་འཁོར་ལྷན་ཚོགས་ཐོག་གྲོས་མོལ་བྱ་རྒྱུའི་གནད་དོན་ཁག་ཕྱོགས་བསྡུས་གནང་རྒྱུ་དང་ ད་རེས་ཐའེ་ལེནདྲ་ནང་གི་ཁོར་ཡུག་ལྷན་ཚོགས་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གིས་དེའི་སྐོར་བཞག་པའི་ཀྱིཡོ་ཏོ་ཆིངས་དོན་བཞིན་ཡར་ཐོན་ཅན་གྱི་ཡུལ་གྲུ་ཚོས་གོ་ལའི་ནང་ཁོར་ཡུག་གྱི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་སེལ་རྒྱུར་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཚོས་ཁོར་ཡུག་སྦག་བཙོགག་བཟོ་རྒྱུ་ཉུང་དུ་གཏོང་རྒྱུར་དཔལ་འབྱོར་གྱི་རོགས་རམ་སྤྲོད་རྒྱུའི་གནད་དོན་དེའི་ཐོག་གཙོ་བོ་ཟིན་ནས་གྲོས་བསྡུར་བྱ་རྒྱུའི་སྐོར་བཏོན་གྱི་ཡོད་པ་དང་ ཡིན་ནའི་ཨ་རི་དང་དེ་མིན་ཡར་ཐོན་རྒྱལ་ཁབ་ཚོས་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ཚུགས་པའི་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐོག་རྩོད་གཞིར་མི་འགྱུར་བའི་གྲོས་མཐུན་ཁག་གི་ཐོག་དོ་སྣང་གནང་རྒྱུའི་སྐོར་བཏོན་ཡོད་འདུག