འབར་མ་དང་ཛིམ་སྦབ་ལྦེའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས།
2008.12.18
༄༅༎མཉམ་འབྲེལ་རྒྱལ་ཚོགས་ནས་འབར་མ་དང་ཛིམ་སྦབ་ལྦེའི་གཞུང་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུར་ནར་འགྱངས་བྱེད་ཀྱི་ཡོད་ལུགས་གསུངས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ལོ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་དེ་བཞིན་དཔལ་འབྱོར་གྱི་དཀའ་རྙོག།གཞན་ཡང་རྒྱལ་ཁབ་ཕན་ཚུན་དབར་གྱི་འཁོན་འཁྲུགས་སོགས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་དགོས་བྱུང་ཡོད་པ་རེད། འོན་ཀྱང་འཆར་ལོའི་ནང་གནད་དོན་དེ་དག་གི་ཐོག་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཡར་རྒྱས་གཏོང་ཐབས་དང་དཀའ་ངལ་སེལ་ཐབས་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག
ཡང་ཁོང་གིས་འབར་མའི་ནང་གི་གནས་སྟངས་གསུངས་པའི་སྐབས་འབར་མའི་དྲག་པོའི་སྲིད་གཞུང་ནས་ཆབ་སྲིད་བཙོན་པ་ཚོ་གློད་བཀྲོལ་གཏོང་རྒྱུ་དང་ཁས་ལེན་བྱས་པ་གཞིར་བཟུང་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་ཕྱོགས་འགལ་ཚོགས་པ་ཚོ་དང་གྲོས་མོལ་བྱེད་རྒྱུ་སོགས་ད་ལྟའང་འདོད་པ་ཁེངས་པ་ཞིག་བྱེད་ཀྱི་མེད་ལུགས་གསུངས་འདུག དེ་དང་ཕྱོགས་མཚུངས་ཛིམ་སྦབ་ལྦེའི་ནང་དུའང་སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་དཔལ་འབྱོར།ཆབ་སྲིད་ཀྱི་གནས་སྟངས་སོགས་ཉམས་རྒུད་དང་ཛ་དྲག་ཆེ་རུ་འགྲོ་བཞིན་པར་བློ་འཚབ་སྐྱེས་གཞི་ཞིག་ཆགས་ཀྱི་འདུག་ཅེས་གསུངས་འདུག
འོན་ཀྱང་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ལོ་འདིའི་ནང་བལ་ཡུལ་དང་སི་ར་ལི་ཡོན་གཉིས་ནང་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུ་བྱས་ཐུབ་པ་དེ་ནི་ལམ་ལྷོང་ལྡན་པ་ཞིག་ཡིན་པའི་བསྔགས་བརྗོད་གནང་འདུག་ལ་མ་འོངས་པར་སྦང་ལ་རྡེ་ཤི་དང་ལའེ་སྦེ་རི་ཡ་གཉིས་ཀྱི་ནང་དུའང་ཡར་རྒྱས་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག