བོད་ཀྱི་གཞོན་ལྷན་འགན་འཛིན་ལྷན་ཚོཌ་ཐེངས་ཞེ་གཉིས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་གཉིས་པ་དེ་རྒྱ་གར་བྱང་ཤར་རྡོར་རྗེ་གླིང་ཁུལ་གནང་བཞིན་ཡོད་པ་རེད།
-
2011-08-24 -
-
-
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་གཉིས་པ་དེ་རྒྱ་གར་བྱང་ཤར་རྡོར་རྗེ་གླིང་ཁུལ་གནང་ནས་དེ་རིང་ཉིན་གསུམ་འགྲོ་གི་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་ལྟར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ས་གནས་གཞོན་ནུའི་སྐུ་ཚབ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འདུ་སྐོང་གནང་ནས། འདས་པའི་འཐབ་རྩོད་ཀྱི་ཉམས་མྱོང་དང་མ་འོངས་བོད་དོན་འཐབ་རྩོད་གནང་ཕྱོགས་སོགས་ཀྱི་ཐད་ཚོགས་འདུ་སྐོང་ཚོགས་ཀྱིས་གྲོས་ཆོད་གཏན་འབེབས་གནང་སྲོལ་ཡོད་པ་ལྟར། ད་ལོའི་འགན་འཛིན་ལྷན་ཚོགས་ཐེངས་༤༢པ་དེ་རེས་གཟའ་ཟླ་བ་ནས་དབུ་འཛུགས་ཀྱིས་ཉིན་ལྔའི་རིང་རྡོར་གླིང་བོད་མིའི་གཞིས་ཆགས་སུ་གནང་བཞིན་ཡོད་པ་དང༌། ལྷན་ཚོགས་དེའི་སར་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ཡོངས་དང༌། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ས་གནས་༣༩ཙམ་ནས་ཚོགས་མི་༡༡༥ལྷག་ཙམ་ཞིག་འདུ་འཛོམས་གནང་བཞག། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ འགན་འཛིན་ལྷན་ཚོགས་ཀྱི་ལྷན་འཛོམས་དབུ་འབྱེད་སྐབས་བོད་ནང་རང་མི་རིགས་དང་རྒྱལ་ཁབ་དོན་རང་སྲོག་བློས་གཏང་གནང་མཁན་བོད་མི་ཚོར་མྱ་ངན་དྲན་གསོ་ཞུས་གནང་འདུག། དེ་དང་ཕྱོགས་མཚུངས་བཙན་བྱོལ་དུ་ འདས་པའི་ལོ་ངོ་བཅུ་ཁྲག་བཞི་ལྷག་ཙམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་འཐབ་རྩོད་ཐད་འགན་འཁུར་ཆེན་པོ་བླངས་ཡོད་པ་དང༌། ལངས་ཕྱོགས་བརྟན་པོ་འཛིན་ཡོད་པ་ནན་བརྗོད་གནང་བ་དང་ཆབས་ཅིག། ད་དུང་མུ་མཐུད་རྒྱལ་ཁབ་དང་བོད་མིའི་རྩ་དོན་ལ་ཕན་པའི་ལས་དོན་སྔར་ལས་ལྷག་པ་བྱ་རྒྱུའི་སེམས་ཤུགས་དང་ཆོད་སེམས་བརྟན་པོ་དགོས་རྒྱུའི་དྲན་སྐུལ་ཡང་གནང་འདུག།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་འགྲེལ་བརྗོད་གནང་ཡག་ལ། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། གཞོན་ནུའི་དབུས་ས་གཉིས་ཀྱིས་འདས་པའི་ལོ་གཅིག་གི་གྲོས་ཆོད་ཁག་ག་ཚོད་ལག་ལེན་བསྟར་ཡོད་མེད་ལ་བསྐྱར་ཞིབ་དང༌། དབུས་ས་གཉིས་ཀྱི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར། བར་ལམ་བོད་ཀྱི་གནས་ཚུལ་གྱི་འགྱུར་འགྲོས་དང་མ་འོངས་པའི་ལོ་གཅིག་རིང་གི་བོད་དོན་འཐབ་རྩོད་དང་འབྲེལ་བའི་གྲོས་གཞི་ཁག་ལ་གྲོས་བསྡུར་གནང་ནས་གྲོས་ཆོད་གཏན་འབེབས་གནང་འཆར་འདུག།