བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་བ་ཚོ་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པྲ་དེཤ་མངའ་སྡེའི་གྲོང་ཁྱེར་ཝི་ཤ་ཁ་པཏ་ནམ་དུ་འབྱོར་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་དོན་ཆེད་དུས་ཡུན་ཟླ་བ་གཉིས་ཀྱི་རིང་། རྒྱ་གར་མངའ་སྡེ་ཁག་ཉི་ཤུ་ལྷག་གི་ནང་སྦག་སྦག་བསྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན། ཟླ་བ་འདིའི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པྲ་དེཤ་མངའ་སྡེའི་གྲོང་ཁྱེར་ཝི་ཤེ་ཁ་པཏ་ནམ་དུ་འབྱོར་ཏེ།གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་རྗེས་འབྲངས་ཀྱི་ས་གནས་ཚོགས་གཙོ་དང་། ནཱགར་ཇུ་ན་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཟུར་པ་མོ་ཧན་ཅན་རོཡ་ལགས་གཙོས་པའི་ཤེས་ལྡན་པ་དང་གནས་ཡོད་མི་སྣ་༢༥ ལྷག་དང་། དེ་རྗེས་ཝི་ཇ་ཝ་ཌ་ནང་དུའང་ཕྱོགས་མཚུངས་གནང་ཡོད་པ་མ་ཟད། འདི་ཚེས་༢༥ཉིན་རྒྱ་གར་ཏི་ལང་གྷ་ན་གྲོང་ཁྱེར་ཧེ་དྲ་བཏ་ཀྱི་ནང་རྒྱ་གར་གྱི་སློབ་དཔོན་ཆེན་མོ་པྲ་ཀཤ་ལགས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ས་ཧིཏ་ཨ་ལི་ལགས། ས་གནས་ཀྱི་སྙན་གྲགས་ཅན་གྱི་འགྲེམས་སྟོན་ཁང་གི་སྤྱི་ཁྱབ་དྲུང་ཆེ་གཙོས་ལས་སྣེ་བཅས་ལྷན་འཛོམས་ཀྱི་སར་བོད་དོན་སྤྱི་དང་།ལྷག་པར་དུ་བོད་ཀྱི་གཞོན་ནུའི་ལས་འགུལ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་ཡོད་པའི་མུར། ད་དུང་ས་གནས་སོ་སོའི་ནང་རྒྱ་གར་གསར་འགོད་པ་ཚོར་ཡང་དེ་ལུགས་ཀྱི་བཀའ་མོལ་གནང་ཡོད་པ་རེད།

ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་མུ་མཐུད་གསུངས་ན། ད་བར་ཉིན་གྲང་༣༦རིང་རྒྱ་གར་མངའ་སྡེ་ཁག་མང་པོའི་ནང་བསྐོར་བསྐྱོད་གནང་བའི་བརྒྱུད་རིམ་ཁྲོད། ས་གནས་ཁག་ཏུ་བོད་མི་ཡོད་མིན་སོགས་ཀྱི་རྐྱེན་པས་རྒྱ་གར་མང་ཚོགས་ཀྱི་ཁྲོད་བོད་དོན་ཐོག་གོ་རྟོགས་ཡོད་མིན་ཐད་ཁྱད་པར་ཆེན་པོ་ཡོད་པ་གསུངས་གནང་བྱུང་། བོད་ཀྱི་གཞོན་ནུའི་སྦག་སྦག་བསྐོར་བསྐྱོད་ཀྱི་ལས་འགུལ་བ་རྣམས་རྒྱང་ཐག་རིང་པོ་བསྐོར་བསྐྱོད་གནང་དགོས་པས། དཀའ་ངལ་དུ་མ་ཞིག་ལ་གདོང་ལེན་གནང་ཏེ་ཕེབས་བཞིན་ཡོད་པ་ལྟར་ད་བར་བོད་མི་ལས་འགུལ་བ་གཉིས་ལ་བརྡབས་སྐྱོན་གྱིས་ངལ་གསོ་གནང་བཞིན་ཡོད་པ་རེད་འདུག དེ་མིན་བོད་ཀྱི་གཞོན་ནུའི་ལས་འགུལ་བ་རྣམས་ལ་རྒྱ་གར་གྲོང་ཁྱེར་ཁག་ཏུ་གནས་པའི་བོད་མི་སུད་ཚོང་བ་ཚོས་དགའ་བསུ་སྣེ་ལེན་དང་སྦྲགས། བཞུགས་གནས་གོ་སྒྲིག་གནང་བཞིན་ཡོད་པ་སོགས་ཀྱི་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་གནང་བཞིན་པ་དེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཡི་རང་བསྔགས་བརྗོད་གནང་བཞིན་ཡོད་ཐོག ད་དུང་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་གནང་བཞིན་འདུག་ཅིང་། འདི་ཚེས་༢༦ཉིན་བོད་ཀྱི་གཞོན་ནུའི་སྦག་སྦག་བསྐོར་བསྐྱོད་ཀྱི་ལས་འགུལ་བ་རྣམས་གྲོང་ཁྱེར་ཧེ་དྲ་བཏ་ནས་ཐོན་ཏེ་དེ་རིང་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་དུ་འབྱོར་པ་དང་མཚུངས། རིམ་པས་མངའ་སྡེ་འདིའི་ནང་བསྐོར་བསྐྱོད་གནང་གི་ཡོད་པ་རེད་འདུག

རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་ལས་འགུལ་དེའི་དགོས་འདུན་གཙོ་བོ་གསུམ་ནི། དང་པོ་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པ། གཉིས་པ། རྒྱ་གར་གྲོས་ཚོགས་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ། གསུམ་པ། བོད་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་ཆ་ནས་ད་ཆ་རྒྱ་ནག་གཞུང་གི་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་དང་གནོད་བཅུད་ལ་ཉེན་ཁ་བཟོ་བཞིན་ཡོད་དུས་འཛམ་གླིང་མི་མང་ནས་དེར་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་སོགས་ཡིན་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།