འཆར་ལོའི་བོད་ཀྱི་ལོ་གསར་གཏོང་རྒྱུ་མེད་པའི་འབོད་སྐུལ།
2011.11.14
༄༅༎བཙན་བྱོལ་ནང་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་ཚོས་འཆར་ལོའི་བོད་ཀྱི་ལོ་གསར་མི་གཏོང་བར་་ལོ་གསར་ཀྱི་དུས་སྐབས་བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་ཞལ་འདེབས་བསྡུ་རུབ་གནང་རྒྱུ་ཡིན་པ་རེད་ རེས་གཟའ་ཟླ་བ་ཉིན་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་གསར་འགོད་གསར་བསྒྲགས་ཤིག་བསྐོངས་ཚོགས་གནང་ནས་གཞིས་བྱེས་བོད་མི་རྣམས་ཀྱིས་འཆར་ལོ་བོད་ཀྱི་ཆུ་འབྲུག་ལོའི་ལོ་གསར་དེ་གཏོང་གནང་མི་ཡོང་བའི་འབོད་བསྐུལ་དང་ལོ་གསར་སྐབས་བོད་རྒྱལ་ཁབ་འཛུགས་བསྐྲུན་ཆེད་མ་དངུལ་ཐེབས་རྩ་གསར་འཛུགས་གནང་རྒྱུ་ཡིན་སྐོར་གཏམ་བཤད་གནང་ཡོད་པ་རེད་
དེ་ཡང་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་སྤྱི་བསྒྲགས་ཤིག་སྒྲོག་སྦྱངས་གནང་བ་དེའི་ནང་འདི་ལོ་གསེར་རྟ་དང་ལི་ཐང་། རྟའུ། རྔ་པ། དཀར་མཛེས། ཆབ་མདོ་སོགས་སུ་བོད་མི་ཚོས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་རིམ་པར་བྱས་ཡོད་ལ། ལྷག་པར་དུ་ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་ཀིརྟི་་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་ཟླ་བ་འདིའི་ཚེས་ ༣ ཉིན་རྟའུ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་བར་བོད་མི་ན་གཞོན་ ༡༡ གིས་བོད་རྒྱལ་ཁབ་རང་དབང་སླར་གསོ་དང་། ༸གོང་ས་མཆོག་བོད་དུ་གདན་ཞུ་ཆེད་རང་སྲོག་བློས་བཏོང་གནང་ཡོད་ཅེས་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ ཡང་གཞོན་ལྷན་གྱི་གསལ་བསྒྲགས་དེའི་ནང་འདི་ལོར་བོད་རྒྱལ་ཁབ་ཀྱི་བདག་དབང་དང་མདུན་ལམ་ཆེད་། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་མཚོན་ཆེད་། གཞོན་ལྷན་གྱིས་ད་ལོའི་བོད་ཆུ་འབྲུག་ལོའི་ལོ་གསར་མི་གཏོང་བར་ལོ་གསར་སྐབས་གྱོན་ཆས་གསར་པ་དང་དམིགས་བསལ་ཁ་ལག་འགྲོ་གྲོན་རྣམས། བོད་རང་བཙན་སླར་གསོའི་མ་དངུལ་ཐེབས་རྩ་གསར་འཛུགས་ཆེད་ཞལ་འདེབས་གནང་རྒྱུ་སོགས་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་