བོད་ཀྱི་གཞོན་ནུའི་ཚོགས་གཙོས་ཡོ་རོབ་ལ་སྐོར་བསྐྱོད་འགྲུབ་འདུག
2014.11.24
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཡོ་རོབ་ནང་བོད་དོན་འཐབ་རྩོད་དང་འབྲེལ་བའི་གཏམ་བཤད་སྐོར་བསྐྱོད་འགྲུབ་འདུག
དེ་ཡང་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། འདི་ཟླའི་ཚེས་༢ནས་༡༦་བར་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཆེ་ཁག་དབྱིན་ཡུལ་དང་། སུས་ཛར་ལེན་ཊི། བྷེལ་ཇེམ། ཧྥ་རན་སི། Spainབཅས་ནང་བདུན་ཕྲག་གཉིས་ཙམ་རིང་སྐོར་བསྐྱོད་གནང་ཡོད་ཅིང་། ཁོང་ད་རེས་གོང་ཞུས་རྒྱལ་ཁབ་ཁག་ནང་ཕེབས་དོན་གཙོ་བོ་ནི་ཡོ་རོབ་ཁུལ་དུ་གནས་བཞུགས་བོད་མི་རྣམས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐོར་ལ་སེམས་འཚབ་དང་བསམ་འཆར་ཡོད་པ་ཁག་ལ་གསན་རྒྱུ་དང་ས་གནས་གཞོན་ལྷན་ཚོིགས་ཀྱི་ཚོགས་མི་གཙོས་པའི་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་བོད་དོན་ཆེད་རྒྱལ་ཁབ་སོ་སོའི་དབུ་ཁྲིད་གཙོས་པའི་ཆེས་མཐོའི་མི་སྣ་ཁག་མཇལ་འཕྲད་ཀྱིས་ཞུ་གཏུགས་གནང་རྒྱུ་སོགས་ཡིན་འདུག དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་ཚོགས་པའི་Tibet Support Group གྱི་ཚོགས་ཆེན་ཐོག་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ལྷན་བཞུགས་གནང་བ་མ་ཟད། དབྱིན་ཡུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་གོ་བསྒྲིགས་ཞུས་པ་ལྟར། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་འདུག སུས་ཛར་ལེན་ཊི་ནང་གི་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་དང་ཡང་ཕ་རན་སི་དང་། བྷེལ་ཇམ་གཉིས་ལ་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས། ཡང་Spainནང་སེ་པེན་བོད་མིའི་སྤྱི་མཐུན་ཚོགས་དང་Casa deབོད་ཀྱི་ཐེབས་རྩ་གཉིས་ཟུང་འབྲེལ་བཅས་ཁག་སོ་སོ་ནས་གསུང་བཤད་གོ་བསྒྲིགས་ཞུས་པར་ཚོགས་གཙོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུའི་གལ་འགངས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག ཁོང་གིས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་འདུག་པས་དབྱིན་ཇིའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་Fabian Hamilton་མཆོག་དང་། ཕ་རན་སིའི་གྲོས་ཚོགས་འཐུས་མི་Andre Gattoloniམཆོག Spainཡི་གྲོས་ཚོག་གོང་མའི་འཐུས་མི་Josep Maldonadoམཆོག་ Greekཡི་སྐུ་ཚབ་དོན་གཅོད་Fernando Turroམཆོག་བཅས་མཇལ་འཕྲད་གནང་སྐབས་བོད་ཀྱི་གནད་དོན་སེལ་ཐབས་སུ་འབད་བརྩོན་གང་ཐུབ་ཡོང་བའི་འབོད་སྐུལ་ཞུས་པར་ཁོང་རྣམས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་བར་སྤེལ་ལས་དོན་ཁག་ལ་བསྔགས་བརྗོད་གནང་བ་དང་མ་འོངས་པར་སྤེལ་རྒྱུའི་ལས་འགུལ་ཁག་ཀྱང་ལམ་ལྷོང་ཡོང་བའི་སྨོན་འདུན་གནང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།