བོད་པའི་བུ་མོ་བརྩོན་འགྲུས་བཟང་མོ་ལགས་དང་བདེ་སྐྱིད་བཟང་མོ་ལགས་རྣམ་གཉིས་ལ་གཙུག་ལག་རབ་འབྱམས་པའི་གསེར་གྱི་གཟེངས་རྟགས་ཐོབ་འདུག

2022.08.29
བོད་པའི་བུ་མོ་བརྩོན་འགྲུས་བཟང་མོ་ལགས་དང་བདེ་སྐྱིད་བཟང་མོ་ལགས་རྣམ་གཉིས་ལ་གཙུག་ལག་རབ་འབྱམས་པའི་གསེར་གྱི་གཟེངས་རྟགས་ཐོབ་འདུག སློབ་མ་བརྩོན་འགྲུས་བཟང་མོ་དང་བདེ་སྐྱིད་བཟང་མོ་ལགས་རྣམ་གཉིས་ཀྱི་གཟེངས་རྟགས་ཕྱག་འཁྱེར།
RFA

བར་སྐབས་ཤིག་ནས་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་དུ་ཡིག་རྒྱུགས་ཀྱི་གྲུབ་འབྲས་རྩེ་ཕུད་སོན་མཁན་བོད་པའི་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཞིན། ཉེ་ལམ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་St. Philomena’s college བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བུ་མོ་བརྩོན་འགྲུས་བཟང་མོ་ལགས་དང་བདེ་སྐྱིད་བཟང་མོ་ལགས་སུ་གཙུག་ལག་རབ་འབྱམས་པའི་གསེར་གྱི་གཟེངས་རྟགས་ཐོབ་འདུག

བརྩོན་འགྲུས་བཟང་མོ་ལགས་ཀྱིས་St. Philomena’s college མཐོ་སློབ་ཏུ་ཚོང་ལས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན་ཞིང་། ཁོང་མོའི་འཛིན་གྲྭའི་ནང་སློབ་མ་༤༥ ཡོད་པ་དང་། ༢༠༡༩ ལོར་གསར་བཞུགས་གནང་བ་ནས་བཟུང་། ཉིན་རེར་གྱི་སློབ་ཚན་ཆ་ཚང་འཐུས་ཤོར་མེད་པར་ཧུར་བརྩོན་གནང་བའི་གྲུབ་འབྲས་ལ་བརྟེན་ནས། སློབ་ཚན་དེའི་ཐོག་བརྒྱ་༩༡།༠༥%ཐོབ་ཏེ་སློབ་མཐར་སོན་ཡོད་འདུག

བརྩོན་འགྲུས་བཟང་མོ་ལགས་ནི་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་སྐྱེས་ཤིང་། འཛིན་རིམ་བཅུ་པའི་བར་ལ་དྭགས་བོད་ཁྱིམ་སློབ་གྲྭར་སློབ་གཉེར་གནང་སྟེ། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་ཚོང་རིག་སྡེ་ཚན་ཐོག་སློབ་མཐར་སོན་པའི་རྗེས། བྷེང་ལོར་དུ་རྟེ་གཞི་བྱས་པའི་ཏཱའི་བླ་མའི་མཐོ་སློབ་ཏུ་ཚོང་རིག་ཐོག་(B.Com) ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་༢༠༢༡ ལོའི་སྤྱི་ཟླ་༩ པའི་ནང་St. Philomena’s college མཐོ་སློབ་ཏུ་ཚོང་ལས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་ཏེ། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་དུ་རྩིས་པའི་ཕྱག་ལས་གནང་མུས་ཡིན་པ་དེ་ནི་ཁོང་མོའི་དམིགས་ཡུལ་མངོན་འགྱུར་བྱུང་བ་ཞིག་ལ་ངོས་འཛིན་གནང་གི་འདུག

དེ་དང་ཕྱོགས་མཚུངས་སློབ་མ་བདེ་སྐྱིད་བཟང་མོ་ལགས་ཀྱིས། ཁོ་མོརཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་དེ་ནི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཕ་མ་གཉིས་ཀྱི་བསླབ་བྱ་བཟང་པོ་དང་རྒྱབ་སྐྱོར། དེ་བཞིན་རང་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཉིན་རེར་སློབ་ཚན་ཁག་ལ་ཧུར་བརྩོན་བྱས་པ་མ་ཟད། ལྷག་ཏུ་༢༠༢༠ ལོར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིད་པའི་དུས་སྐབས་སུའང་དཀའ་ངལ་ཁག་གདོང་ལེན་གྱིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་ངོས་འཛིན་གནང་གི་འདུག

སློབ་མ་བདེ་སྐྱིད་བཟང་མོ་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་ཆགས་སུ་སྐྱེས་ཤིང་། མོན་གྷོ་གཏན་སློབ་ཏུ་གཞི་རིམ་འོག་མ་དང་གོང་མ་གཉིས་ཀྱི་སློབ་གཉེར་བྱས་པའི་རྗེས། ལྡི་ལི་མཐོ་སློབ་ཏུ་དབྱིན་ཡིག་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། མུ་མཐུད་ St. Philomena’s college མཐོ་སློབ་ཏུ་ལོ་གཉིས་རིང་དབྱིན་ཡིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བའི་རྗེས། སློབ་ཚན་དེའི་ཐོག་བརྒྱ་ཆ་༨༨།༠༥% ལོན་ཏེ་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ནས་བསླབ་པ་མཐར་སོན་བྱུང་འདུག་ཅིང་། ད་ལྟའི་ཆར་ཁོང་མོ་དགེ་རྒན་འོས་སྦྱོང་ནང་མཉམ་ཞུགས་གནང་འཆར་ཡོད་འདུག

 གཞན་ཡང་དེ་སྔོན་༢༠༢༡ ལོའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་བདེ་སྐྱིད་དཔལ་མོ་ལགས་དང་། བསྟན་འཛིན་ཚེ་དབྱངས་ལགས། དེ་བཞིན་བསྟན་འཛིན་ནོར་དབྱངས་བཅས་གསུམ་ལ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎