རྒྱ་ནག་གཞུང་གིས་བོད་མདོ་ཁམས་སྐྱེ་རྒུ་མདོ་ནས་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པ།
བོད་མདོ་ཁམས་སྐྱེ་རྒུ་མདོ་ནས་བོད་མི་གཉིས་ཀྱིས་རྒྱ་གཞུང་གི་བཀོད་ཁྱབ་དང་ལེན་མ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་འདུག
-
2020-08-22 -
-
-
Your browser doesn’t support HTML5 audio
འདི་ཚེས་༢༡་ཉིན་བོད་ནང་གི་ཞོགས་པ་ཆུ་ཚོད་༩་ཙམ་ལ་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་མདོ་ཆུ་དམར་ལེབ་རྫོང་གི་ཆིག་སྒྲིལ་གྲོང་བརྡལ་གྱི་སྐྱ་འཁྱོག་ཡུལ་མཚོ་ནས་ཡིན་པ་འབྲོག་ལས་གཉིས་པའི་འགོ་ཁྲིད་བུ་རྡོ་སྐྱབས་ལགས་དང་ཁོང་གི་ཚ་བོ་རྒྱལ་མཚན་གཉིས་ཁྲི་འདུ་རྫོང་གིི་ཟ་ཁང་ཞིག་ཏུ་ཉེན་རྟོག་པ་གསུམ་གྱིས་ཁོང་གཉིས་འཛིན་བཟུང་བྱས་ཏེ་ཁྲི་འདུ་རྫོང་དུ་ཡོད་པའི་༦༨༣ བཀག་ཉར་ཁང་དུ་ཁྲིད་དེ་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་མིང་འདོན་གནང་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་འདུག
རྒྱ་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱེད་པའི་རྒྱུ་མཚན་གང་ཡང་བརྗོད་མེད་ན་ཡང་། ས་གནས་མི་མང་ཚོས་ཚོད་དཔག་བྱེད་པ་ལྟར་ན། ཉེ་སྔོན་རྒྱ་ནག་གཞུང་གིས་ཆུ་དམར་ལེབ་རྫོང་ཁུལ་དུ་འབྲོག་པ་རྣམས་ཀྱི་ས་འཛིན་ལག་དེབ་དང་རྩ་ས་གཞུང་བཞེས་གཏང་རྒྱུའི་ཚོགས་འདུ་འཚོགས་སྐབས། བུ་རྡོ་སྐྱབས་ལགས་ཀྱིས་མང་ཚོགས་རྣམས་ལ་རྩ་ས་གཞུང་ལ་རྩིས་སྤྲོད་བྱེད་པ་ཡིན་ན་རང་ཉིད་ཀྱི་འཚོ་རྟེན་ཤོར་རྒྱུ་ཡིན་པ་བརྗོད་པའི་རྒྱུན་མཚན་ལ་བརྟེན་ཡིན་པ་གསུངས་འདུག ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།