བོད་མི་དགེ་འདུན་པ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ།

བོད་ཀྱི་ཆབ་མདོ་ཚ་བ་པ་ཤོད་ཁུལ་ནས་སླར་ཡང་བོད་མི་དགེ་འདུན་པ་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག

༄༅༎བོད་ཀྱི་ཆབ་མདོ་ཚ་བ་པ་ཤོད་ཁུལ་དུ་གནས་པའི་མེ་ར་དགོན་པའི་དགེ་འདུན་པ་རང་ལོ་བཅུ་དྲུག་ལ་ཕེབས་པ་བསྟན་འཛིན་ཆོས་འཕེལ་ལགས་དང་རང་ལོ་ཉི་ཤུར་ཕེབས་པ་བློ་བཟང་རྒྱལ་ཚན་ལགས་ཀྱིས་པ་ཤོད་ས་གནས་རྒྱ་ནག་གཞུང་གི་ལས་ཁང་མདུན་དུ་བོད་རང་བཙན་ཡིན་པའི་སྐས་འབོད་གནང་བའི་རྐྱེན་གྱིས་ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་དགུའི་ཉིན་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཡོད་པ་དང་དེ་མིན་མེ་རི་དགོན་པའི་དབུ་འཛིན་ཡང་འཛིན་བཟུང་དོ་དམ་བྱས་ཡོད་འདུག གནས་ཚུལ་ནང་འཁོད་པར་གཞིགས་ན་དེང་སྐབས་ཚ་བ་པ་ཤོད་ས་གནས་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡིན་པ་དང་གོང་གསལ་དགེ་འདུན་པ་རྣམས་ག་པར་འཛིན་བཟུང་བྱས་ཡོད་མེད་ཤེས་རྟོགས་གསལ་པོ་མེད་པ་དང་ཁོང་རྣམ་པ་བཙོན་འཇུག་བྱེད་སའི་ས་ཆ་རྩད་གཅོད་བྱ་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་འཁོད་འདུག ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་སྒེར་ལངས་བྱས་ནས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ཁར་ད་དུང་ཡང་བོད་མི་མང་པོ་ཞིག་བཙོན་འཇུག་བྱེད་མུས་ཡིན་པར་བརྟེན་ནས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོས་ད་ལོའི་བོད་ཀྱི་ལོ་གསར་གཏང་རྒྱུ་མིན་པའི་སྐོར་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་དེ་དང་འབྲེལ་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་ནང་གི་བོད་མི་ཚོར་ད་ལོའི་ལོ་གསར་གྲྭ་རྒྱས་པོ་གཏང་དགོས་པའི་སྐུལ་མ་གཏོང་གི་ཡོད་ཅིང་ཕྱོགས་གཞན་ཞིག་ནས་བོད་ཀྱི་ས་ཁུལ་ཁག་ནང་མུ་མཐུད་ནས་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་གཟའ་འཁོར་སྔོན་མའི་ནང་དགུན་དུས་ཀྱི་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་སྤེལ་ནས་ལས་འགུལ་དེའི་འོག་བོད་མི་བཅོ་བརྒྱད་འཛིན་བཟུང་བྱས་ཡོད་པ་རེད༎