ཁམས་རྫོགས་ཆེན་དགོན་གྱི་ཁྲི་ཟུར་དང་ཚ་མོ་འདས་གྲོངས།
2012.05.04
༄༅༎ཟླ་བ་འདིའི་ཕྱི་ཚེས་༣་རེས་གཟའ་ཕུར་བུའི་ཉིན་འདི་ག་རླུང་ཕྱིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བའི་ནང༌། ཕྱི་ཟླ་བཞི་པའི་ཚེས་༦ ཉིན་གྱི་སྔ་དྲོའི་ཚོུད་༡༠ དང་ཕྱེད་ཀ་ཙམ་ལ་ཁམས་རྫོགས་ཆེན་དགོན་པའི་མཁན་ཆེན་ཁྲི་ཟུར་ཡིན་པ་མི་ཉག་ལྷ་སྒང་བྲག་མཁར་དགོན་གྱི་སྤྲུལ་སྐུ་ཨ་ཐུབ་བམ་མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་ཞུ་བ་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ཀྱི་གཟིམ་ཤག་ལ་མེ་འབར་སྟེ་སྐར་མ་བཅུ་གྲངས་ཤིག་ཕྱིན་པའི་རྗེས་སུ་ཁོང་གཉིས་ཀྱང་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
དེ་ཡང་སྤྲུལ་སྐུ་ཨ་ཐུབ་མཆོག་གིས་ཉིན་ཤས་སྔོན་ནས་ནང་མི་ཚོར། བར་ལམ་བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་རང་གི་ཚེ་སྲོག་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་དགེ་རྩེའི་ཆེད་མར་མེའི་མཆོད་འབུལ་རྒྱས་པ་ཞིག་བྱ་དགོས་གསུང་ཏེ་མཆོད་མར་མང་པོ་གཟིགས་ཏེ་གཟིམ་ཁང་དུ་བརྩིགས་ནས་བཞག་ཡོད་པ་མ་ཟད། ཕྱི་ཟླ་བཞི་པའི་ཚེས་༦ ཉིན་ཁོང་གིས་ནང་མིར་ཞལ་པར་བཏང་སྟེ། དེ་རིང་བོད་ཚེས་༡༥ ཉིན་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་ཚོར་མར་མེའི་མཆོད་འབུལ་བྱས་ཡོད་ལ། རང་སེམས་བདེ་ལ་འཁོད་པའི་ཚོགས་རླབས་ཆེན་ཞིག་གསོག་རྒྱུ་ཡིན་གསུང་སྟེ། དུས་ཚོད་ཅུང་མ་འགོར་བར་ཁོང་གི་གཟིམ་ཁང་དང་གྲྭ་ཤག་བཅས་པ་མེ་ཕུང་དུ་གྱུར་ཏེ། སྤྲུ་སྐུ་ཨ་ཐུབ་མཆོག་དང་ཚ་མོ་གཉིས་ཀ་གྲོངས་ཡོད་པ་རེད། དོན་རྐྱེན་དེ་བྱུང་ནས་དུས་ཚོད་ཅུང་མ་འགོར་བར། དར་མདོ་རྫོང་གི་ཉེན་རྟོག་པ་འཕོན་ཆེ་ཡོང་སྟེ་དམ་བསྒྲཌ་ཆེན་པོ་བྱས་པར་བརྟེན་ནས། ལྷ་སྒང་བྲག་མཁར་དགོན་པ་སྒོ་རྒྱབ་རྒྱུ་སོགས་ཀྱི་ཉེན་ཁ་ལས་གཡོལ་ཐབས་སུ་མི་དམངས་ཀྱིས་དོན་རྐྱེན་དེ་ནི་བོད་དོན་དང་འབྲེལ་བ་མེད་པ་དང༌། མེ་སྐྱོན་ཡིན་ཚུལ་བཤད་དེ། གསང་བ་དམ་པོ་བྱས་པར་བརྟེན་ནས་ད་བར་ཕྱི་ཕྱོགས་སུ་གནས་ཚུལ་ཐོན་ཐུབ་མེད་པ་རེད། དགུང་གྲངས་༤༥ ཕེབས་པའི་སྤྲུལ་སྐུ་ཨ་ཐུབ་མཆོག་ནི་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པའི་གོ་གནས་ཡོད་པ་དང༌། སྐུ་ན་ཆུང་དུས་མི་ཉག་ལྷ་སྒང་བྲག་མཁར་དགོན་དུ་ཆོས་ཞུགས་གནང་། དེ་ནས་མི་ཉག་བྲག་མཁར་བཤད་གྲྭ་དང༌། ལྷ་ལྡན་འབྲས་སྤུངས་བློ་གསལ་གླིང། རྔ་པ་ཀིརྟི་དགོན་པ་སོགས་སུ་ལོ་མང་རིང་གཞུང་ཆེན་ཀ་པོད་ལྔ་ལ་སོགས་གསན་བསམ་ཉམས་བཞེས་མཐར་ཕྱིན་པ་གནང་སྟེ། རྗེས་སུ་སྡེ་དགེ་རྫོགས་ཆེན་དགོན་པའི་མཁན་ཆེན་ཁྲི་པའི་ཐུགས་འགན་བཞེས་གནང་བ་མ་ཟད། དུས་རྒྱུན་ནས་བོད་མི་རིགས་ལ་སེམས་འཁུར་དང༌། མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་སྐུ་ལས་སྐྱོན་མཁན་ཞིག་ཡིན་ཞིང༌། ཡང་དགུང་ལོ་༢༣ ཡིན་པའི་ཁོང་གི་ཚ་མོ་ཨ་ཚེ་ཞུ་བ་ཡང༌དུས་རྒྱུན་ནས་བོད་ཀྱི་བདེ་སྡུག་ཁོ་ན་བསམ་བློ་གཏོང་མཁན་ཞིག་ཡིན་པའི་སྐོར་བཀོད་ཡོད་པ་རེད།