བོད་མི་ཚུལ་ཁྲིམས་ལགས་སུ་ཁ་བྲལ་ལ་ངན་འབྲེལ་ཡོད་པའི་ཉེས་མིང་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2023.09.27
བོད་མི་ཚུལ་ཁྲིམས་ལགས་སུ་ཁ་བྲལ་ལ་ངན་འབྲེལ་ཡོད་པའི་ཉེས་མིང་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག མདོ་སྨད་བླ་བྲང་བསང་ཆུ་ཕྱོགས་ཀྱི་བོད་མི་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་མཇལ་བཞིན་པ།
REUTERS

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༢ནང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ། རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པ། བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ནས་ཁ་པར་དུ་༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྐྱེན་གྱིས་འཛིན་བཟུང་གིས་ཟླ་གཉིས་ལྷག་རིང་བཀག་ཉར་རྗེས། ཕྱི་༢༠༢༣ཟླ་བ་༤ནང་རྔ་བ་ཁུལ་མི་དམངས་ཁྲིམས་ཁང་ཟེར་བས། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པའི་ཉེས་འཛུགས་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཚུལ་ཁྲིམས་ལགས་ཐོག་མར་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༧ནང་༧གོང་ས་མཆོག་གི་སྐུ་པར་ཞིག་དྲ་ལམ་དུ་སྤེལ་རྐྱེན་འཛིན་བཟུང་འབོད་འགུག་གིས།འདྲི་རྩད་དང་ཁ་པར་སྔོག་བཤེར་སྐབས་ཁ་པར་དུ་༧གོང་ས་མཆོག་གི་སྐུ་པར་ཉར་བར་རྐྱེན་བྱས་ཏེ། དུས་ཡུན་ཟླ་བ་གཉིས་རིང་བཀག་ཉར་གྱིས་ལོ་དེའི་ཕྱི་ཟླ་༩ནང་ཀློད་ཡོད་ཀྱང་། རྗེས་སུ་ཕྱི་ལོ་༢༠༢༣ལོར་བསྐྱར་དུ་ཁ་བྲལ་བར་ངན་འབྲེལ་ཡོད་སྐོར་བརྗོད་ནས་འཛིན་བཟུང་གིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག་ལ། ད་ལྟའི་ཆར་ཁོང་ཟི་ཁྲོན་ཞིང་ཆེན་གཡག་རྔ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལས། ནང་མི་དང་སློབ་གྲོགས་ཚོར་ཐུག་འཕྲད་གང་ཡང་བྱེད་བཅུག་གི་མེད་སྐོར་བརྗོད་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་དེས་ཚུལ་ཁྲིམས་ལགས་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་ཡོད་སྐབས་ནས་ངོ་ཤེས་ལ། ཁོ་རང་བོད་སྐད་ཡིག་ལ་ཤ་ཞེན་ཡོད་མཁན་ཞིག་དང་། མི་རིགས་ཀྱི་ལ་རྒྱ་གླེང་མཁན་གྱི་ན་གཞོན་རེ་བ་ཅན་ཞིག་ཡིན་པ་དང་། ཁོང་རྒྱ་ནག་གཞུང་གིས་ཐོག་དང་པོ་འཛིན་བཟུང་བྱེད་སྐབས་སློབ་གྲོགས་ཚོ་ཐུག་འཕྲད་ཆེད་བཅར་སྐབས། རྫོང་ཉེན་རྟོག་ཁང་དུ་འདྲི་གཅོད་གཅར་རྡུང་མང་པོ་བྱས་པས། ཁོང་གིས་ང་རང་མགྱོགས་པོར་ཤི་སོང་ན་བསམ་བསམ་བྱུང་སོང་། ཞེས་སེམས་སྐྱོ་བའི་ངང་སྐབས་དེའི་གནས་སྟངས་འགྲེལ་བརྗོད་བྱས་སྐོར་བརྗོད་བྱུང་།
བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ཕྱི་ལོ་༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཕ་ཡུལ་དུ་ལོག་སྟེ་གཞུང་གཉེར་གྱི་ལས་ཀ་རིགས་མ་བྱས་པར། སྒེར་ངོས་ནས་ཚོང་ལས་གཉེར་ནས་བསྡད་ཡོད་པ་རེད་འདུག སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་༧གོང་ས་མཆོག་གཙོས་བོད་ཀྱི་བླ་ཆེན་ཚོའི་སྐུ་པར་སྒྲིག་བཤོམ་མི་ཆོག་པའི་དམ་དྲག་དང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡༡་ནང་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ་རིགས་བུ་མོ་གཡུ་སྒྲོན་ལགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད་ལ། ཕྱི་ལོ་༢༠༢༡ལོར་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་ནས་བོད་པའི་དགེ་འདུན་པ་༡༩དང་མི་སྐྱ་༤༠བཅས་ཁྱོན་མི་༦༠ཙམ་འཛིན་བཟུང་བྱས་པའི་ཁྲོད། མང་ཆེ་བ་༸གོང་ས་མཆོག་གི་༸སྐུ་པར་བཤམས་པ་དང་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད། 

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎