མདོ་སྨད་མཚོ་ལྷོ་ཕྱོགས་སུ་གནམ་ཐང་བསྐྱར་གསོ་རྒྱ་བསྐྱེད་ཆེད་ས་གནས་མང་ཚོགས་གནས་སྤོར།

མདོ་སྨད་མཚོ་ལྷོ་ཨེར་སྟི་ཕྱོགས་ཀྱི་ས་ཁྲ
མདོ་སྨད་མཚོ་ལྷོ་ཨེར་སྟི་ཕྱོགས་ཀྱི་ས་ཁྲ (RFA)

མདོ་སྨད་མཚོ་ལྷོ་ཨེར་སྟི་ཕྱོགས་སུ་གནམ་གྲུ་ཐང་བསྐྱར་གསོ་དང་རྒྱ་བསྐྱེད་ཆེད་མང་ཚོགས་ལ་གུན་གསབ་སྤྲད་ནས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་འདུག
དེང་སྐབས་བོད་ནང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨེར་སྟི་ཡུལ་ཚོའི་ཆུ་རྔ་སྡེ་བའི་ས་ཐོག་དུ། སྔོན་ཆད་ནས་གནམ་གྲུ་ཐང་ཞིག་ཡོད་པ་དེ་༡༩༨༠འི་ནང་སྒོ་རྒྱབ་ཡོད་པ་དང་། ད་ཆ་གནམ་ཐང་དེ་བསྐྱར་གསོ་དང་རྒྱ་ཆེ་རུ་གཏོང་འཆར་གྱིས་དེར་ཡོད་ཆུ་རྔ་སྡེ་བའི་མང་ཚོགས་དུད་ཁྱིམ་ཁ་ཤས་གནས་སྤོར་བྱེད་དགོས་བྱུང་བཞིན་པ་རེད།
བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། རྒྱ་ནག་གཞུང་གིས་གནམ་ཐང་དེ་རྒྱ་ཆེ་རུ་བཏང་ནས་བསྐྱར་གསོ་བྱེད་འཆར་ཡོད་པ་མ་ཟད། གནམ་གྲུ་ཐང་དེའི་མིང་ལ་མཚོ་སྔོན་པོ་གནམ་གྲུ་ཐང་ཞེས་བཏགས་འདུག གནམ་ཐང་རྒྱ་ཆེ་རུ་བཏང་ཡོང་བ་ཡིན་ན་ཆུ་རྔ་སྡེ་བའི་དུད་ཁྱིམ་སུམ་ཅུ་ནས་བཞི་ཅུ་ཡས་མས་ཞིག་གི་སྡོད་ཁང་དང་། ཞིང་ས་བཅས་ཀྱི་སྟེང་དུ་ཁེལ་འདུག་པའི་སྟབས་ཀྱིས། རྒྱལ་ཁབ་ཀྱི་ངོས་ནས་མང་ཚོགས་དུད་ཁྱིམ་རེ་རེ་ཡི་ས་ཆའི་རྒྱ་ཁྱོན་ལྟར་གུན་གསབ་དངུལ་སྤྲད་ནས་ས་ཆ་ལེན་བཞིན་པ་དང་། དུད་ཁྱིམ་སོ་སོའི་ས་ཆའི་རྒྱ་ཁྱོན་ཡང་མི་འདྲ་བས་སྟབས་ཀྱིས་རིན་བབས་གུན་གསབ་སྒོར་མོ་ཡང་མི་འདྲ་བ་སྤྲོད་ཀྱི་འདུག་ཅེས་དང་། ཉུང་མཐར་དུད་ཁྱིམ་རེར་རྒྱ་སྒོར་ཁྲི་༡༢་ནས་ཁྲི་༢༠༠་ཡས་མས་བར་སྤྲད་དེ་ས་ཆ་གཞུང་གིས་ལེན་བཞིན་པ་དང་། ད་ལྟའི་ཆར་མང་ཚོགས་རྣམས་དེའི་ཉེ་འཁྲིས་སུ་ཁང་པ་གསར་རྒྱག་བྱས་ཡོད་སར་གནས་སྤོར་བྱེད་བཞིན་པ་ངོ་སྤྲོད་བྱས་ཡོད།
ད་དུང་གནས་ཚུལ་ངོ་སྤྲོད་པས། རྒྱལ་ཁབ་ཀྱི་བཀའ་ལྟར་མང་ཚོགས་ཀྱིས་གུབ་གསབ་བླངས་ནས་གནས་སྤོར་བྱེད་རྒྱུ་མ་གཏོགས་ཨུ་ཚུགས་རྒྱབ་ནས་བསྡད་པ་ཡིན་ན་མཇུག་འབྲས་ཡག་པོ་མིན་པ་བརྗོད་ཡོད་པ་རེད།