བོད་རིགས་བུད་མེད་གཞོན་ནུ་མ་ཚེ་རིང་མཚོ་བཙན་ཁྲིད་ཀྱིས་བཀག་སྐྱིལ།

2020.12.05
བོད་རིགས་བུད་མེད་གཞོན་ནུ་མ་ཚེ་རིང་མཚོ་བཙན་ཁྲིད་ཀྱིས་བཀག་སྐྱིལ། བོད་ནང་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་དགོས་པའི་རྩོམ་བྲིས་པར་བོད་རིགས་བུད་མེད་ཚེ་རིང་མཚོ་ལགས་རྒྱ་ནག་ཉེན་རྟོག་པས་བཀག་ཉར་ཉི་མ་བཅུ་དང་རྒྱ་སྒོར་ཆིག་སྟོང་གི་ཉེས་ཆད་བཅད་ཡོད་པ།
མཐུན་འགྱུར་པར་རིས།

མདོ་སྨད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ནས་ཡིན་པ་བོད་རིགས་བུད་མེད་གཞོན་ནུ་མ་ཚེ་རིང་མཚོ་ལགས་ནས་སྐད་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་དགོས་པའི་རྩོམ་ཡིག་སྣ་མང་སྤེལ་བར་བརྟེན། ཉེ་ལམ་སྤྱི་ཟླ་༡༡པའི་ཚེས་༡༢ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གི་ལས་བྱེད་པ་མི་གྲངས་བཅུ་ཐམ་པ་ཟི་ལིང་གྲོང་ཁྱེར་གྱི་ཚེ་རིང་མཚོའི་རང་ཤག་ཏུ་ཡོང་སྟེ། ཁྲི་ཀ་རྫོང་གི་སྤྱི་བདེ་ཉེན་རྟོག་ཁང་དུ་བཙན་ཁྲིད་ཀྱིས་བཀག་སྐྱིལ་དང་། ཉེན་རྟོག་ཁང་དུ་ཉི་མ་བཅུ་རིང་བཀག་ཉར་གྱི་སྐབས་སུ་མོ་ལ་ཆུ་ཁོལ་དང་བག་ལེབ་ཅུང་ཟད་རེ་ལས་མ་སྤྲད་པར།ལྟོ་བཀག་མནར་གཅོད་བཏང་ཡོད་པ་མ་ཟད། གློད་བཀྲོལ་གྱི་སྐབས་སུའང་རྒྱ་ནག་མི་མང་ཤོག་སྒོར་གཅིག་སྟོང་གི་ཆད་པ་བཅད་ཡོད་པ་སོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ནས་འགྲེལ་བརྗོད་གནང་ཡོད་པ་རེད།

ཚེ་རིང་མཚོ་ནི་ནམ་རྒྱུན་བོད་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྩོད་ལེན་བྱེད་བསྡད་མཁན་ཞིག་ཡིན་པ་མ་ཟད། མོ་རང་སྔོན་མ་ཨ་མི་རི་ཁ་གཞུང་གི་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་བྱས་པ་རྒྱལ་སྤྱིའི་སྣེ་ཁྲིད་ལས་འཆར་གྱི་ལས་རིམ་ཞིག་ཏུ་ཉམས་ཞུགས་ཀྱི་གོ་སྐབས་ཐོབ་པ་བརྒྱུད། ཚེ་རིང་མཚོ་ལགས་ཨ་མི་རི་ཀ་ནས་ཚུར་རང་ཡུལ་དུ་ལོག་སྐབས། རྒྱ་ནག་གཞུང་གིས་མོ་ལ་དུས་ཡུན་རིང་པོར་དོགས་ཟོན་སྨྱུལ་ཞིབ་དང་། ཐོ་གཞུང་ནག་པོ་དང་དོགས་ཡོད་ཉེས་ཅན་གྱི་མིང་གཞུང་དུ་བཅུག་ཡོད་པའི་ཁར། ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་རྒྱ་ནག་ཉེན་རྟོག་པས་ཡང་ནས་བསྐྱར་དུ་འབོད་འགུག་གིས། ཉེན་བརྡ་གཏོང་བ་དང་འཇིགས་སྣང་སྐུལ་བ། ཁྲིམས་འགལ་གྱིས་བཀག་ཉར་སོགས་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ལག་བསྟར་གྱི་ཁྲིམས་འགལ་བྱ་སྤྱོད་མང་པོ་ཞིག་རྒྱ་ནག་རང་གི་ཁྲིམས་དང་འགལ་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་ཡང་འགལ་བཞིན་པ་གསལ་བོ་རེད་ཅེས་ཀྱང་འགྲེལ་བརྗོད་གནང་འདུག

བོད་ནང་གི་ཆབ་སྲིད་བཙོན་པ་མང་པོ་ཞིག་གློད་བཀྲོལ་སྐབས་ཁོང་ཚོའི་ཐོབ་ཐང་དང་རང་དབང་མང་པོ་ཞིག་འཕྲོག་བཞིན་པའི་ཐོག ཕར་ཚུར་འགྲོ་བསྐྱོད་ཀྱི་རང་དབང་དང་སུ་མཉམ་དུ་འབྲེལ་བ་བྱེད་བཞིན་པ་ཚུན་ལ་ལྐོག་ཉན་བྱས་ཡོད་པ་བཞིན། ཚེ་རིང་མཚོ་ཡང་རྒྱ་ནག་གཞུང་གི་སྟངས་འཛིན་ལྟ་རྟོག་འོག་ཚུད་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཚེ་རིང་མཚོ་ལགས་ཀྱིས་སྤྱི་ལོ་༢༠༡༧ལོར་ཡང་མཚོ་སྔོན་ཞིང་ཆེན་གྱི་མདོ་སྟོད་ཡུལ་ཤུལ་ཁུལ་དུ། ས་གནས་བོད་མི་ཚོར་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་ཁྱེར་སྤྲོད་དགོས་ལུགས།རྒྱ་ནག་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ཞུ་གཏུག་བྱས་པར་བརྟེན།མོ་རང་ཡུལ་ཤུལ་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་དང་གཅར་རྡུང་ཚབས་ཆེན་བཏང་ཡོད་པ་དང་། ད་ལན་ཡང་སྤྱི་ཟླ་༡༡པའི་ཚེས་༡༢ཉིན།རྒྱ་ནག་གཞུང་གིས་མོ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་བཅའ་ཁྲིམས་དོན་ཚན་༢༦པའི་ནང་གསེས་༤དང་འགལ་ལུགས་ཀྱི་ཉེས་འཛུགས་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎