བོད་མི་ཚོས་ཨ་རི་སྲིད་འཛིན་གསར་པས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་གནང་གི་འདུག
ཟླ་ ༡ ཚེ་ ༢༠ ཉིན་ཨ་མི་རི་ཀའི་སྲིད་འཛིན་༤༧པ་ཌོ་ནལཌི་ཊམཔ་མཆོག་གིས་སྲིད་འཛིན་ལས་འཁུར་གྱི་དམ་འབུལ་བཞེས་ཡོད་པ་ལྟར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཞུགས་སྒར་དུ་གནས་སྡོད་མང་ཚོགས་དཀྱུས་མ་ཁག་ཅིག་ལ་ཨ་རིའི་སྲིད་འཛིན་གསར་པས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་རེ་བ་ཇི་ཡོད་སོགས་ཀྱི་ཐད་བཀའ་འདྲི་ཞུས་པར། བཞུགས་སྒར་དུ་གནས་སྡོད་རྒན་བློ་བཟང་ཆོས་འཕེལ་ལགས་ཀྱིས། ད་བར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་ནང་གི་དཀའ་ངལ་དང་རིག་གཞུང་སྲུང་སྐྱོབ་སོགས་བོད་དོན་ཐད་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར། སྲིད་གཞུང་གསར་པས་མུ་མཐུད་རྒྱབ་སྐྱོར་གནང་རེ་ཡོད་པ་དང་། ལྷག་པར་དུ་སྔ་ལོ་ཨ་རིས་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཁྲིམས་ཡིག་ཅིག་གཏན་འབེབས་གནང་ཡོད་པས། དེར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པ་གསུངས་བྱུང་།
ཡང་ཇེ་ཇེ་ཨཡི་རོལ་དབྱངས་ཚོགས་པའི་སྒྱུ་རྩལ་བ་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས། སྤྱིར་ཁོང་ནས་དེ་སྔ་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་སྲིད་འཛིན་སོགས་ལ་དོ་སྣང་དེ་ཙམ་གནང་མེད་ཀྱང་། ཁོང་གི་རེ་བ་ནི་བཙན་བྱོལ་བོད་མི་མང་དག་ཅིག་སོ་སོའི་འཚོ་བའི་དོན་དུ་ཨ་མི་རི་ཀར་གནས་སྤོ་གནང་མཁན་མང་དག་ཅིག་ཡོད་པ་བཞིན། ཨ་རིར་གནས་སྡོད་བོད་མི་རྣམས་ལ་ཨ་རིའི་གཞུང་ངོས་ནས་ལས་ཀའི་གོ་སྐབས་དང་། གནས་སྡོད་ཆོག་པའི་ཆོག་མཆན་སོགས་མཁོ་སྤྲོད་ཐད་རྒྱབ་སྐྱོར་གནང་ན་ཧ་ཅང་ཡག་པོ་ཡོད་པ་དང་། ཨ་རི་དང་རྒྱ་ནག་དབར་མི་མཐུན་པ་བྱུང་ནས་བོད་ལ་ཁེ་ཕན་སྒྲུབ་ཐུབ་ན་དེ་ནི་ང་ཚོ་ལ་དགོས་པ་དེ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བློ་བཟང་རབ་གསལ་ལགས་ཀྱིས། སྤྱིར་བཏང་སྲིད་གཞུང་གསར་པ་ཞིག་ཡིན་དུས་སོ་སོའི་ལས་དོན་སྒྲུབ་ཕྱོགས་མི་འདྲ་བ་ཡོད་པས། སྲིད་འཛིན་ཊམཔ་ལྟ་བུར་མཚོན་ན་ཨ་རི་གཙོ་འཛིན་གྱི་སྲིད་བྱུས་འཛིན་མཁན་ཞིག་ཡིན་ཞིང་ཨ་རིའི་ཁེ་ཕན་གཙོ་བོ་དམིགས་ཀྱིས་ཡོད་པས། གནས་སྟངས་ཇི་ཆགས་ཐད་དོགས་པ་ཕྲན་བུ་འདུག་ཀྱང་། སྤྱིར་སྔ་མོ་ནས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་དོན་ཐད་རྒྱབ་སྐྱོར་གནང་མུས་ཡིན་པས། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་གི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་ལ། བཞུགས་སྒར་གནས་སྡོད་བཀྲ་ཤིས་དབང་འདུས་ལགས་ཀྱིས། ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡིན་གསུངས་ཀྱི་ཡོད་ནའང་། ཕྱི་མི་ཨ་རིར་སྐྱབས་བཅོལ་དུ་ཡོང་རྒྱུར་ཁོང་གིས་དམ་བསྒྲགས་བྱེད་ཀྱི་ཡོད་པ་དེར་མོས་མཐུན་མེད་སྐོར་གསུངས་ཀྱི་འདུག
གཞི་རྩའི་ཨ་རིའི་སྲིད་འཛིན་ ༤༧ པ་ཊམཔ་མཆོག་གིས་སྲིད་འཛིན་གྱི་མཛད་ཁུར་བཞེས་པའི་རྗེས་ཕྱི་མི་སྐྱབས་བཅོལ་བར་དམ་བསྒྲགས་དང་། ཨ་རིའི་གཞུང་དངུལ་ལ་བསྲི་ཚགས་བྱ་རྒྱུ་སོགས་དང་འབྲེལ་ཏེ་འཛིན་སྐྱོང་བཀོད་ཁྱབ་ཁག་ཅིག་བཏང་ཡོད་པ་མ་ཟད། སྲིད་འཛིན་སྐབས་ ༤༧ པའི་མ་འོངས་ལས་འཆར་དང་སྲིད་ཇུས་གསལ་བཤད་གནང་སྐབས་གཙོ་བོ་ཨ་རིས་མཐུན་སྒྲིལ་དང་ཞི་བདེ་བསྐྲུན་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད། །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།