ཨ་བྱང་དབུ་ཁྲིད་དབར་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་པ།
2018.06.12
ཨ་རི་དང་བྱང་ཀོ་རི་ཡའི་དབུ་ཁྲིད་དབར་གྱི་མཇལ་འཕྲད་རྗེས་མཇལ་འཕྲད་འདི་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་བྱུང་ཡོད་ལུགས་གསལ་བསྒྲགས་གནང་འདུག
དེ་ཡང་ཕྱི་ཟླ་༦པའི་ཚེས་༡༢ཉིན། སིངྒ་པུར་(Singapore)གྱི་(Sentosa)་གླིང་ཕྲན་གྱི་གསོལ་མགྲོན་ཁང་ཞིག་ཏུ། ཨ་རིའི་སྲིད་འཛིན་(Donald Trump)མཆོག་དང་། བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇུན་ཨུན་(Kim Jung Un)རྣམ་གཉིས་དབར་དུས་ཡུན་སྐར་མ་བཞི་བཅུ་ཙམ་རིང་གྲོས་མོལ་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེའི་ཐོག་བྱང་ཀོ་རི་ཡའི་འགོ་འཁྲིད་(Kim Jong Un)ཡིས་ཀོ་རི་ཡའི་ཕྱེད་གླིང་ནང་རྡུལ་ཕྲན་མཚོན་ཆ་ཡོངས་སུ་མེད་པ་བཟོ་རྒྱུའི་གྲོས་མཐུན་ལ་མོས་མཐུན་བྱས་ཡོད་འདུག ཆེས་མཐོའི་མཇལ་འཕྲད་གྲུབ་མཚམས་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་སར་ཨ་རིའི་སྲིད་འཛིན་(Donald Trump)མཆོག་གིས་ཨ་རིའི་ངོས་ནས་ལྷོ་ཀོ་རི་དང་ཟུང་འབྲེལ་གྱི་དམག་སྦྱོང་བྱ་སྲོལ་ཡོད་པ་དེ་དག་མཚམས་འཇོག་བྱ་རྒྱུ་ཡིན་ལུགས་གསུངས་འདུག་ལ། དེ་ཡང་སྲིད་འཛིན་མཆོག་གིས་ང་ཚོས་ལྷོ་ཀོ་རི་ཡ་དང་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་ཡིན། དེས་དངུལ་འབོར་ཆེན་གསོག་ཉར་ཐུབ་ཀྱི་རེད་ཅེས་གསུངས་པ་དང་སྦྲགས་ནམ་ཞིག་མ་གཏོགས་ལྷོ་རི་ཡ་ནས་ཨ་རིའི་དམག་དཔུང་ཕྱིར་བསྡུ་བྱ་རྒྱུ་ཡིན་པ་ཡང་གསུངས་ཡོད་པ་རེད། འོན་ཀྱང་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་རྗེས་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པའི་ནང་ཨ་རིས་ལྷོ་ཀོ་རི་དང་ཟུང་འབྲེལ་གྱི་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་སྐོར་གང་ཡང་གསལ་མེད་པ་རེད། དེ་བཞིན་གྲོས་མཐུན་དེའི་ཐོག་བྱང་ཀོ་རི་ཡའི་འགོ་འཁྲིད་(Kim Jong Un) གིས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་མོས་མཐུན་བྱས་ཡོད་རུང་དེ་ལྟར་ལག་ལེན་བསྟར་ཕྱོགས་ཐད་ཞིབ་ཕྲ་གང་ཡང་གསལ་མེད་ལ་དེའི་སྐོར་ཨ་རིའི་སྲིད་འཛིན་མཆོག་ལ་གསར་འགོད་པ་ཚོས་བཅར་འདྲི་བྱ་སྐབས་སྲིད་འཛིན་མཆོག་གིས། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་བརྒྱུད་རིམ་གང་མགྱོགས་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་དང་། དེ་ལྟར་འགོ་འཛུགས་མ་བྱས་བར་བྱང་ཀོ་རི་ཡའི་ཐོག་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་མུར་གནས་རྒྱུ་ཡིན་པ་གསུངས་འདུག
དེ་སྔོན་དབུ་འཁྲིད་རྣམ་གཉིས་དབར་ཕན་ཚུན་ཚིག་རྩུབ་དང་དམའ་འབེབས་བྱེད་རེས་ཡོད་ཀྱང་ད་རེས་མཇལ་འཕྲད་ཀྱི་བརྒྱུད་རིམ་འདིའི་ཁྲོད་ཕན་ཚུན་དབར་བསྔགས་བརྗོད་དང་འཚམས་འདྲི་ཞུས་ཡོད་པ་དང་། དེ་ཡང་སྲིད་འཛིན་(Trump)མཆོག་ནས་ཁོང་དང་(Kim Jong Un)དབར་དམིགས་བསལ་གྱི་ཚོར་ཤུགས་ཞིག་བྱུང་ཡོད་པ་མ་ཟད། (Kim Jong Un)དང་མཇལ་འཕྲད་མུ་མཐུད་གནང་འཆར་ཡོད་པ་གསུངས་འདུག (Kim Jong Un)ངོས་ནས་ད་རེས་ཀྱི་མཇལ་འཕྲད་འདིའི་བརྒྱུད་རྒྱལ་ཁབ་གཉིས་དབར་གྲང་དམག་གི་གནས་སྟངས་དེ་འདས་པའི་གནས་ཚུལ་ཞིག་ཏུ་འགྱུར་ཐུབ་པའི་དམ་བཅའ་དང་། ད་ནས་བཟུང་འཛམ་གླིང་ཐོག་འགྱུར་ལྡོག་ཆེན་པོ་ཐེབས་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།