སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གློ་བུར་ལྐོག་གྱུར་ངང་སྐུ་གྲོངས་རྐྱེན་ཐད་རྒྱ་ནག་དང་ཝི་ཏི་ནམ་གཞུང་ལ་འགན་ཡོད་པས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་གནང་།
- 2025-04-08
-
-
-
བོད་མིའི་སྒྲིག་འཛུགས་ཀྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གློ་བུར་གྲོངས་བར་རྒྱ་ནག་གཞུང་དང་ཝི་ཏི་ནམ་གཞུང་གིས་འགན་ཁུར་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ཝི་ཏི་ནམ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་། གཞུང་དེ་གཉིས་ཀར་འགན་ཡོད་པས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འཛིན་བཟུང་དང་རྐྱེན་འདས་ཀྱི་སྔ་ཕྱིའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་གི་འདུག
བོད་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྤྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝི་ཏི་ནམ་གྱི་སའི་གོན་(Saigon)གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝི་ཏི་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱི་ཉིན་ཤས་རྗེས། སྤྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་གློ་བུར་དང་རྒྱུ་རྐྱེན་གསལ་བཤད་མེད་པར་སྐུ་གྲོངས་པའི་གནས་ཚུལ་རྒྱ་ནག་གཞུང་གིས་བརྡ་ལན་སྤྲད་ཡོད་པ་ནི། “རྒྱལ་ཁབ་འདྲ་མིན་གྱི་བདེ་སྲུང་མི་སྣ་མཉམ་རུབ་ཀྱིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་པས། གནད་དོན་དེར་འཕྲལ་དུ་ཞིབ་འཇུག་གཏིང་ཚུགས་པ་དང་། རྒྱ་ནག་གཞུང་དང་ཝི་ཏི་ནམ་གཞུང་གིས་འགན་ཁུར་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ཝི་ཏི་ནམ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་། གཞུང་དེ་གཉིས་ཀར་འགན་ཡོད་པས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འཛིན་བཟུང་དང་རྐྱེན་འདས་ཀྱི་སྔ་ཕྱིའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས་ཡོད་”ཅེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་སྤྱི་ཟླ་ ༤ པའི་ཚེས་ ༨ ཉིན་གསར་འགོད་གསལ་བསྒྲགས་སྐབས་གསུངས་སོང་།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་པའི་གནད་དོན་འདི་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས། སྤྱི་ཟླ་ ༤ པའི་ཚེས་ ༥ ཉིན་ནས་ལུང་སྔོན་དགོན་པའི་དགེ་འདུན་པ་ལྔ་དང་། མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ་བཅས་ཀྱི་བདེ་འཇགས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ཁང་། ཆོས་དོན་ལས་ཁུངས་བཅས་ཀྱི་མི་སྣ་དྲུག་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་ལ་ཝི་ཏི་ནམ་དུ་འབྱོར་བ་དང་ཆབས་ཅིག ཝི་ཏི་ནམ་ནང་གི་རྒྱ་ནག་གཞུང་ཚབ་ཏུ་ཛ་དྲག་ཚོགས་འདུ་ཞིག་ཚོགས་པར་དགེ་འདུན་པ་རྣམས་མཉམ་ཞུགས་གནང་མ་བཅུག་པའི་ཁར། སྤྱི་ཚེས་ ༨ ཉིན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ལ་མཇལ་ཆོག་པའི་སྐད་ཆ་བཤད་པ་གློ་བུར་དུ་ཁ་བསྒྱུར་ཏེ། སྐུ་ཕུང་ལ་མཇལ་མ་བཅུག་པའི་མུར་དགེ་འདུན་པ་རྣམས་མགྱོགས་པོ་བོད་ལ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་དང་། སྤྲུལ་སྐུ་སྐུ་གྲོངས་ཟིན་ཡོད་ཅེས་དགེ་འདུན་པ་ཚོས་མཚན་རྟགས་བཀོད་དགོས་ཡོད་ཅེས་བཤད་ཡོད་མོད། དགེ་འདུན་པ་ཚོས་སྤྲུལ་སྐུ་མཆོག་གི་སྐུ་ཕུང་དངོས་སུ་མ་མཐོང་བར་དུ་ང་ཚོས་མཚན་རྟགས་བཀོད་མི་ཐུབ་ཞེས་ངོས་ལེན་གནང་མེད་པ་དང་། དགེ་འདུན་པ་དང་རིན་པོ་ཆེའི་ཞལ་སློབ་ཚོར་སྐུ་གདུང་མ་བསྟན་པ་ནི་ངན་ཇུས་དང་དོགས་གཞི་ཧ་ཅང་ཆེན་པོ་ཞིག་ཡིན་པ་གསལ་སྟོན་གནང་གི་འདུག
སྤྱི་ལོ་ ༡༩༦༩ ལོར་བོད་མདོ་སྨད་མགོ་ལོག་གི་དགའ་བདེ་རྫོང་དུ་འཁྲུངས་པའི་མཆོག་སྤྲུལ་རིན་པོ་ཆེ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི། སྒྱུ་རྩལ་དང་རྩོམ་རིག ཆོས་ལུགས། སྐད་ཡིག་སོགས་ལ་མཁྱེན་རྒྱ་ཡངས་ཤིང་གསུང་རྩོམ་པོད་ཉི་ཤུ་ལྷག་ཡོད་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་མ་ཟད། དཔེ་མཛོད་ཁང་དང་སྨན་ཁང་། སློབ་གྲྭ དགོན་སྡེ་གྲྭ་ཚང་བཅས་བདག་སྐྱོང་གསར་འཛུགས་གནང་སྟེ་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་དང་། དུས་འཁོར་དབང་ཆེན་ལན་མང་གནང་སྟེ་སློབ་མ་ཁྲི་ཕྲག་དུ་མ་ཡོད་པའི་བོད་ནང་ཤུགས་རྐྱེན་ཧ་ཅང་ཆེན་པོ་དང་། བོད་མིའི་བདེ་སྡུག་དང་བོད་ཀྱི་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནམ་རྒྱུན་སྐུ་ལས་མངོན་གསལ་དོད་པོས་བསྐྱོན་མཁན་གྱི་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཆགས་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།