བོད་མི་མང་སྤྱི་འཐུས་ཚོགས་ཆུང་ནས་ནིའུ་ཛེ་ལན་ཌི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་སྤེལ་བཞིན་པའི་གནས་སྟངས་གསལ་སྟོན་གནང་ཡོད་པ།
བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་རྣམས་ལས་གྲུབ་པའི་སྤྱི་འཐུས་ཚོགས་ཆུང་ཞིག་ནས། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ནིའུ་ཛེ་ལན་ཌི་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཞིག་བསྐྱངས་གནང་ཡོད་པ་ལྟར། ནིའུ་ཛི་ལན་ཌི་ནང་ཉིན་གཉིས་ཀྱི་ལས་འཆར་དེ་ཤིན་ཏུ་ནས་ལེགས་པོ་ཞིག་བྱུང་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་ཆུང་ནས་ནིའུ་ཛི་ལན་ཌི་ཡི་གྲོས་ཚོགས་འཐུས་མི་ Ingrid Leary MP དང་ Dan Bidois རྣམ་པ་གཉིས་ཀྱི་སྣེ་ཁྲིད་འོག ནིའུ་ཛི་ལན་ཌི་ཡི་གྲོས་ཚོགས་འཐུས་མི་ཁག་བདུན་དང་ལྷན་དུ་མཇལ་འཕྲད་ཀྱིས། ཁོང་རྣམས་དང་ལྷན་དུ་གྲོས་ཚོགས་ཚོགས་ཆུང་གི་ཚོགས་ཁང་ནང་དུ་དེ་སྔ་ Melbourne དང་ Canberra གྲོས་ཚོགས་འཐུས་མི་རྣམས་དང་ལྷན་བོད་དོན་ཞུ་གཏུག་གནང་ཡོད་པ་བཞིན། རྒྱ་ནག་གཞུང་གིས་བོད་ནང་དུ་བཅའ་སྡོད་སློབ་གྲྭ་གསར་བཙུགས་སོགས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་སྤེལ་བཞིན་པའི་གནས་སྟངས་དང་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས། དེ་བཞིན་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་ཐེ་བྱུས་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་བ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས། རྒྱ་ནག་གི་དཔོན་རིགས་ནིའིུ་ཛི་ལན་ཌི་ནང་ཡོང་སྐབས་སུ་བོད་རྒྱ་ཞི་མོལ་ཡོང་ཐབས་དང་། ཆིངས་ཡིག་ཇི་འདྲ་ཞིག་འཇོག་རུང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་དེ་ངེས་པར་དུ་ཐོག་མའི་ཆ་རྐྱེན་ཐོག་འཇོག་ཐབས་གནང་རྒྱུའི་རེ་སྐུལ་གནང་ཡོད་ཅེས། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་ཟད་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་མུ་མཐུས་གསུངས་ན། ཕྱི་ཚེས་ ༢༣ ཉིན་ ASPI བསམ་མཛོད་བསྟི་གནས་ཁང་གིས་ལྷན་ཚོགས་ཤིག་གོ་སྒྲིག་གནང་བ་དེའི་ཐོག་ལྷན་བཞུགས་གནང་མཁན་ནང་ནིའུ་ཛེ་ལན་ཌི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊིམ་ཝན་ཌེ་མོ་ལེན་ (Tim van de Molen) མཆོག འབུམ་རམས་པ་ཨ་ནི་ཊ་ཨེ་བྷོ་ཊ་ (Anita Abbott) ལགས། ཧྥི་ཇི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ནེ་ཤི་ཤར་མ་ (Rinesh Sharma from Fiji) མཆོག ཝེ་ལེང་ཊོན་བཅའ་ཞུགས་ཐེ་ཝན་གཞུང་ཚབ་ཆེན་མོ་ཇོ་ནེ་ཨུ་ (Joanne Ou) མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་པའོ་ལིན་ཧན་སན་ (Pauline Hanson) མཆོག ནིའུ་ཛེ་ལན་ཌི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨིན་གྷི་རི་ཌི་ ལེ་རི་ (Ingrid Leary) མཆོག་བཅས་ལྷན་བཞུགས་ཐོག་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་ Geo Political Significant of Tibet ཞེས་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་རེད་འདུག
རྩ་བའི་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་བོད་ཀྱི་གྲོགས་པ་ཚོགས་པ་ (Friends of Tibet) ཀྱིས་གོ་སྒྲིག་འོག་ (Willington) རྒྱལ་སའི་ནང་དུ་རྟན་གཞི་བྱས་པའི་ཝིག་ཊོ་རིཡན་སློན་གཉེར་ཁང་དུ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ནས་བཙན་བྱོལ་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བའི་རྗེས་སུ། སྤྱི་འཐུས་རྣམ་པ་བཞི་ནས་དྲི་བ་དྲི་ལན་གྱི་ལེ་ཚན་ནང་མཉམ་ཞུགས་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས། ཕྱི་ཟླ་ ༨ པའི་ཚེས་ ༡༦ ནས་བཟུང་ཨའོསི་ཊརེ་ལི་ཡའི་མངའ་སྡེ་ཝིག་ཊོ་རི་ཡའི་ནང་བོད་དོན་ཞུ་སྐུལ་གནང་བ་དང་འབྲེལ། ལྦིག་ཊོ་རི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་གནང་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།