བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནང་སྔོན་རྩིས་ཧིན་སྒོར་ས་ཡ་༢༦༩༩་༠༡འཆར་འབུལ་གནང་འདུག
སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག་རྩིས་ལོ་༢༠༢༡།༢༢ལོའི་སྔོན་རྩིས་ཧིན་སྒོར་ས་ཡ་༢༦༩༩་༠༡འཆར་འབུལ་གནང་སོང་།
དེ་ཡང་སྤྱི་ཟླ་༣པའི་སྤྱི་ཚེས་༡༥ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པ་འགོ་འཛུགས་གནང་ཡོད་པ་དང་། ད་རེས་ཀྱི་གྲོས་ཚོགས་དེ་ནི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༡།༢༢ལོའི་སྔོན་རྩིས་གཏན་འབེབས་ཀྱི་ཚོགས་འདུ་ཡིན་པ་ལྟར། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༡།༢༢ལོའི་འགྲོ་གྲོན་དགོས་དངུལ་ཧིན་སྒོར་ས་ཡ་༢༦༩༩་༠༡་སྤྱི་འཐུས་གྲོས་ཚོགས་ཀྱི་བཀའ་འཁྲོལ་སླད་འཆར་འབུལ་གནང་ཡོད་པ་རེད།
རྩིས་ལོ་༢༠༢༡།༢༢ལོར་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་ཧིན་སྒོར་ས་ཡ་༢༦༩༩་༠༡འཆར་འབུལ་གནང་བ་དེ་རྩིས་ལོ་༢༠༢༠།༢༡ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབབས་ཧིན་སྒོར་ས་ཡ་༢༧༡༤༌༧༩ལས་སྒོར་ས་ཡ་༡༥་༧༨དང་བརྒྱ་ཆ་༠་༥༨ཉུང་བ་ཆགས་ཡོད་པ་དང་། དེ་ནི་རྩིས་ལོ་འདིར་རྒྱུན་གྲོན་གང་འཚམས་འཕར་ཡོད་ནའང་། གངས་སྐྱིད་ཁུལ་གྱི་ལས་ཤག་གསར་རྒྱག་གི་ལས་གཞི་ཕལ་ཆེར་བ་འགྲུབ་ཟིན་ཡོད་པས། ཨར་པོའི་ལས་གཞི་ཁག་ཅིག་ཉུང་དུ་སོང་བའི་རྐྱེན་གྱིས་ཡིན་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུངས་ཡོད་པ་རེད།
སྔོན་རྩིས་མ་དངུལ་ཡོང་འཆར་གཙོ་བོ་དང་བླང་དཔྱ་དངུལ་དང་། ངེས་ཅན་བསྡུ་དངུལ། ངེས་མེད་ཞལ་འདེབས་བཅས་ནས་ཡོང་འཆར་སྒོར་ས་ཡ་བརྒྱ་དང་དགུ་བཅུ་གོ་གཉིས་དང་འབུམ་མེད་དྲུག་བརྒྱ་བྱས་པ་སྔ་ལོའི་སྔོན་རྩིས་ལས་སྒོར་ས་ཡ་བཅུ་གཅིག་དང་བཞི་འབུམ་གཉིས་ཁྲི་མང་བ་ཆགས་ཡོད་པ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།
ཐེངས་འདིའི་སྔོན་རྩིས་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༥པའི་སྔོན་རྩིས་མཐའ་མ་དེ་ཆགས་ཀྱི་ཡོད་པ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་ལོ་ལྟར་ཕྲན་བུར་འཕར་སྣོན་བྱུང་བཞིན་ཡོད་པ་འདི་ནི་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་སྒྲིག་འཛུགས་ཀྱི་འགོ་ལས་ཚང་མས་མཉམ་རུབ་དང་འབད་བརྩོན་ལས་བྱུང་བ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ཅེས་གསུངས་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་གྱི་གནས་སྟངས་ཡང་ཡག་པོ་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༡།༢༠༢༢ལོའི་སྔོན་རྩིས་འཆར་འབུལ་བརྒྱ་ཆ་སྐོར་བའི་ནང་། ཤེས་རིག་ལ་བརྒྱ་ཆ་༢༢༌༣༢དང་། འཕྲོད་བསྟེན་ལ་བརྒྱ་ཆ་༨༌༧༣ ཆབ་སྲིད་ལ་བརྒྱ་ཆ་༢༣༌༦༣ འཛིན་སྐྱོང་ལ་བརྒྱ་ཆ་༢༡་༩ ཆོས་རིག་ལ་བརྒྱ་ཆ་༢༌༢༤ ངེས་ཅན་ལ་བརྒྱ་ཆ་༠༌༡ སྤྱི་ཚོགས་ལ་བརྒྱ་ཆ་༡༨༌༧༨ དེ་བཞིན་ཁྲིམས་བཟོ་ལ་བརྒྱ་ཆ་༢་༣ བཅས་འཁོད་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་སྐབས། ད་རེས་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༡།༢༢ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། བཀའ་ཤག་གི་གསལ་བཤད་བཅས་ཡོད་པ་དང་། ཏོག་དབྱིབས་རིམ་ནད་ཁྱབ་གདལ་གྱི་གནས་སྟངས་ཧི་མ་ཅལ་མངའ་སྡེ་ཁྱིམ་མཚེས་པན་ཇབ་མངའ་སྡེ་སོགས་ཀྱི་ནང་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པར་སོང་། ལས་རིམ་ཁག་དུས་ཐོག་འགྲུབ་པ་ཡིན་ན་ཉིན་གྲངས་བཅོ་ལྔ་ཆ་ཚང་ཚོགས་མ་དགོས་པའི་ཐོག་ནས་སྔོན་ལ་གྲོས་ཚོགས་གྲོལ་དགོས་པ་དེ་འདྲ་ཡང་ཡོང་སྲིད་པ་རེད་ཅེས་གསུང་བ་དང་སྦྲགས། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་ང་ཚོར་མ་དགོས་པའི་གནས་ཚུལ་དེ་འདྲ་བྱུང་སོང་བསམ་པ་མ་བྱུང་བས། ད་ལྟ་དངོས་གཞི་སླེབས་ལ་ཉེ་བར་སོང་སྤྱི་འཐུས་རྣམ་པས་གྲོས་ཚོགས་ཀྱི་གདེང་ཆ་བརྒྱུད་ནས་སྤྱི་ཚོགས་ནང་ལབ་གླེང་མི་ཡོང་བ་བཟོ་དགོས་པའི་ཐུགས་འགན་ཚང་མས་བཞེས་དགོས་པའི་སྐུལ་མ་གནང་སོང་།
ཚོགས་འདུ་དབུ་འབྱེད་ཀྱི་སྐབས་སུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་༡༦བཞག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་༦བཞག་ནས་རིམ་པས་བགྲོ་གླེང་བྱས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་འབྲེལ། བོད་ནང་གི་བོད་མི་ཚོ་བོད་དོན་འཐབ་རྩོད་ཆེད་དུ་ཧ་ལས་པས་རྩ་ཆེ་ཡིན་སྟབས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། ཡང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་གནང་བར་ཨ་རི་གཞུང་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་རྒྱ་གར་གཞུང་ནས་ཀྱང་དེ་འདྲའི་བོད་དོན་སྲིད་བྱུས་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་སོང་།
ད་ཐེངས་ཚོགས་འདུའི་ཐོག་(Covid-19)ཏོག་དབྱིབས་རིམ་ནད་ཁྱབ་གདལ་ཚོད་འཛིན་ཆེད་དུ། ཚོགས་རྭའི་ནང་སྤྱི་ཚོགས་རྒྱང་བཀྱེད་དང་མཉམ་སྤྱི་འཐུས་རྣམ་པ་དང་། བཀའ་བློན་རྣམ་པ་མ་གཏོགས་གཞན་ཟུར་ཉན་དང་གསར་འགོད་པ་སོགས་མེད་པའི་ཐོག་ནས་ཚོགས་བཞིན་ཡོད་པ་རེད།