བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་ས་ཡ་གཉིས་སླེབས་འདུག
འདས་ལོའི་ནང་བོད་རང་སྐྱོང་ལྗོངས་ཞེས་བར་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་ས་ཡ་༢༠་ཙམ་ཟིན་ཡོད་འདུག
-
2016-01-29 -
-
-
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་རྒྱུད་ལམ་གྱིས་ཕྱི་ཚེས་༢༧ཉིན་གནས་ཚུལ་སྤེལ་དོན། ཕྱི་ལོ་༢༠༡༥་ལོའི་ནང་། བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་ས་ཡ་༢༠་ཙམ་ཟིན་ནས་མ་དངུལ་མི་མང་ཤོག་སྒོར་ཐེར་འབུམ་༢༨ཙམ་གྱི་དཔལ་འབྱོར་ཁེ་ཕན་བྱུང་ཡོད་ལུགས་བཀོད་འདུག
དེང་སྐབས་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་བཞིན་པ་དང་། ཚོགས་འདུའི་ཐོག་འབྲེལ་ཡོད་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་སྐུ་ཚབ་ནས། ཉིས་སྟོང་བཅོ་ལྔ་ལོར་བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་དེ་༢༠༡༠་ལོའི་ལྡབ་གསུམ་ཟིན་ནས་ཨ་སྒོར་ཐེར་འབུམ་བཞི་ལྷག་གི་ཁེ་བཟང་བྱུང་ལུགས་ལས་དོན་སྙན་སྒྲོན་ཞུས་ཡོད་པ་དང་། དམིགས་བསལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མང་ཤོས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཡིན་པ་དང་། འདས་པའི་ལོ་ངོ་ལྔའི་ནང་ཉིས་སྟོང་བཅོ་ལྔ་ལོ་དེ་ནི་ལྷ་ས་ཁུལ་དུ་ཡུལ་ཁོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་མང་ཤོས་ཤིག་ཡིན་པའི་སྐོར་བཤད་ཡོད་འདུག
བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མང་ཆེ་བ་རྒྱ་ནག་གི་ས་གནས་ཁག་ནས་ཡིན་པའི་རྒྱ་མི་རིགས་ཚོ་ཡིན་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་བསྐྱོད་དགོས་ཚེ་ མང་པོ་མཉམ་དུ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་ནས་གོ་སྒྲིག་བྱས་ཏེ་གཞུང་གི་འཆར་གཞི་བཞིན་བསྐྱོད་རྒྱུ་དང་། དེ་མིན་མི་སྒེར་སོ་སོ་བསྐྱོད་དགོས་ཚེ་ངེས་པར་དུ་བོད་ནང་བསྐྱོད་
རྒྱུའི་དམིགས་བསལ་གྱི་ཆོག་མཆན་ཞུ་ནས་མ་གཏོགས་རྒྱ་མི་རིགས་དང་གཅིག་མཚུངས་ཀྱིས་བོད་ནང་རང་དབང་ཐོག་ནས་བསྐྱོད་རྒྱུར་གཞུང་ཕྱོགས་ནས་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་པ་དང་། དམིགས་བསལ་གསར་འགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ལ་དེ་བས་བོད་ནང་བསྐྱོད་རྒྱུར་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་འཆི་མེད།